འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་གློད་བཀྲོལ་གཏོང་དགོས་གསུངས་འདུག

2024.11.20
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་གློད་བཀྲོལ་གཏོང་དགོས་གསུངས་འདུག
རོཡ་ཊར།

དེ་ཡང་ཕྱི་ཚེས་ ༡༩ ཉིན་ཧོང་ཀོང་དུ་མང་གཙོ་དོན་གཉེར་བ་དང་། གྲོས་ཚོགས་ཀྱི་འཐུས་མི་ཟུར་བ ༤༥ ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་གཤིག་བཏང་བའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་ཡོད་པ་དེས་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་བའི་རྣམ་པ་གསལ་བོ་ཡིན་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྐྱོན་བརྗོད་བྱས་འདུག ཚོགས་པ་དེས་ཧོང་ཀོང་གཞུང་གིས་ཉེས་ཆད་དེ་དག་མེད་པར་བཟོས་ཏེ།   ཉེས་ཆད་ཕོག་མཁན་ཚང་མ་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། ཧོང་ཀོང་གི་འགོ་ཁྲིད་ཀྱིས་འདེམས་སྒྲུག་བྱས་པའི་ཁྲིམས་དཔོན་གསུམ་གྱིས། ཧོང་ཀོང་ནང་གི་སྐྱེས་པ་ ༣༧ དང་བུད་མེད་ ༨ ལ་ ལོ་ ༤ དང་ཟླ་བ་ ༢ ནས་ལོ་ ༡༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཉེས་འཛུགས་བྱེད་མཁན་ཁྲིམས་དཔོན་དེ་དག་གིས།  ཧོང་ཀོང་གི་མང་གཙོ་དོན་གཉེར་བ་དེ་ཚོར། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་༢༢པའི་འོག་ཏུ།  སྲིད་གཞུང་མགོ་རྟིང་སློག་རྒྱུའི་ངན་བྱུས་སྤེལ་བའི་ཉེས་འཛུགས་བྱས་ཡོད་པའི་སྐོར་རོཡ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

དེའི་ཐད་ལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་གཞོན་པ་མ་ཡ་ཝང་གིས། ད་ལྟ་ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་ཚོར་ལོ་༡༠ བར་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི། ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད། མང་གཙོའི་ལས་འགུལ་བ་གྲགས་ཅན་བཅུ་ཕྲག་ཁ་ཤས་ལ་ཁྲིམས་ཐག་བཅད་པ་དེས།  ཧོང་ཀོང་སྤྱི་དམངས་ཀྱི་རང་དབང་དང་ཁྲིམས་ལུགས་ཀྱི་དབང་ཆ་དེ། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལུགས་ལག་བསྟར་བྱས་ན་ས་ལོ་བཞིའི་རིང་གི་འགྱུར་བ་མགྱོགས་པོ་ཅི་འདྲ་ཡོད་པ་གསལ་སྟོན་བྱས་ཡོད་སྐོར་གསུངས་ཡོད་པ་རེད།

2024-11-18T005906Z_933826753_RC2S6BAKGWWI_RTRMADP_3_HONGKONG-POLITICS-DEMOCRATS.JPG

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཧོང་ཀོང་ས་གནས་སྲིད་གཞུང་གིས་ཧོང་ཀོང་ནང་དུ་མང་གཙོ་དོན་གཉེར་བ་མི་སྣ་༤༥ ལ་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལུགས་ལག་བསྟར་བྱེད་རྒྱུར་འགན་འཁུར་མཁན་གྱི་ཧོང་ཀོང་གི་དཔོན་རིགས་མང་པོ་ཞིག་ཨ་རིའི་ནང་འགྲུལ་སྐྱོད་ཀྱི་ཐོངས་མཆན་བཀག་སྡོམ་བྱ་རྒྱུ་ཡིན་པ་བརྗོད་ཡོད་པ་མ་ཟད།  ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་མི་རི་ཀས་ཧོང་ཀོང་གི་དབང་འཛིན་པར་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པའི་ཁྲིམས་གཏུགས་མཚམས་འཇོག་དགོས་པ་དང་།  ཆབ་སྲིད་བཙོན་པ་ཚང་མ་གློད་གྲོལ་གཏོང་དགོས་པའི་སྐུལ་མ་བཏང་ཡོད་ཅེས་བརྗོད་ཡོད་པ་རེད།

ཡང་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་གིས། ཁོ་མོས་ཁྲིམས་ཐག་དེ་དག་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་ནས།  རྒྱ་ནག་གཞུང་གིས་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་སོགས་ལ་བཀག་སྡོམ་བྱས་པར་སྐྱོན་བརྗོད་གནང་ཡོད་འདུག 

དེ་བཞིན་ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་ཧོང་ཀོང་གི་མང་གཙོ་དོན་གཉེར་བར་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་དག་ལ་སྐྱོན་བརྗོད་བྱས་ཏེ་མང་གཙོ་དང་རང་དབང་ནི་ཡོངས་ཁྱབ་ཀྱི་རིན་ཐང་ཡིན་པ་དང་། ཐེ་ཝན་གྱིས་མུ་མཐུད་ཧོང་ཀོང་དང་མཉམ་དུ་མཐུན་སྒྲིལ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། 

ཧོང་ཀོང་དབྱིན་ཇིའི་མངའ་འོག་ཏུ་ཡོད་སྐབས་སྤྱི་ཁྱབ་མཐའ་མ་Patten ་པ་ཊེན་གྱིས། ༢༠༢༠ ལོའི་ཟླ་བ་བདུན་པའི་ནང་སྔོན་འགྲོའི་འོས་བསྡུ་གོ་སྒྲིག་བྱས་པའི་མང་གཙོ་དོན་གཉེར་བ་ཚོར་ཁྲིམས་ཐག་བཅད་པ་དེ་ནི་ཧོང་ཀོང་མི་མང་ལ་མཐོང་ཆུང་བྱས་པ་ཞིག་ཡིན་པ་དང་། ཁྲིམས་དཔོན་ལྷན་ཚོགས་མེད་པའི་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་པ་དེས་ཧོང་ཀོང་ནང་གི་འདུ་འཛོམས་རང་དབང་། བསམ་ཚུལ་བརྗོད་པའི་རང་དབང་། གསར་འགྱུར་རང་དབང་བཅས་རྩ་མེད་བཟོས་པ་དེར་ངས་ཡོངས་སུ་ངོ་རྒོལ་བྱེད་ཞེས་གསུངས་འདུག

ཡིན་ན་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཇིན་གྱིས།  གསར་འགོད་པར་སུ་ཞིག་གིས་ཀྱང་མང་གཙོའི་མིང་ཐོག་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ནས་ཁྲིམས་ཐོག་གི་ཉེས་ཆད་ལས་ཐར་ཐབས་བྱེད་མི་ཆོག་ཅེས་བརྗོད་ཡོད་པ་རེད།།

གསར་འགོད་པ། ཨ་སྒྲོལ།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎