ཨ་རི་དང་རྒྱ་ནག་སྲིད་འཛིན་རྣམ་གཉིས་ཀྱི་གྲོས་མོལ།
2009.11.17
༄༅༎ཨ་མི་རི་ཀ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཀྱིས་འཛམ་གླིང་གི་དཀའ་ངལ་ཆེ་ཤོས་རྣམས་སེལ་རྒྱུར་ཐོུང་གི་ནུས་པ་འདོན་རྒྱུའི་ཁས་ལེན་གནང་འདུག་ཀྱང་བོད་དང་ཨི་རན་དེ་བཞིན་དཔལ་འབྱོར་སྐོར་དགོངས་པ་མཐུན་གྱི་མེད་པ་དེ་ཡང་གསལ་པོ་ཆགས་ཡོད་འདུག
རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་རྣམ་གཉིས་ཀྱིས་བེ་ཅིང་ནང་མི་མང་ཚོགས་ཁང་ཆེན་མོའི་ནང་མཇལ་འཕྲད་ཀྱིས་འཛམ་གླིང་གི་ཛ་དྲག་གི་དཀའ་ངལ་ཆེ་རིགས་སེལ་ཕྱོགས་སོགས་ཀྱི་གྲོས་གཞིའི་ཐོག་གྲོས་མོལ་གནང་སྐབས་ཕྱོགས་གཉིས་ཀས་མཛའ་འབྲེལ་དང་མཉམ་རུབ་ཀྱི་ལས་དོན་གནང་རྒྱུའི་ཁོར་ཡུག་བཟང་པོ་བསྐྲུན་གནང་བ་དང་སྦྲགས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་བྱང་ཀོ་རི་ཡ་ཚོགས་པའི་དྲུག་གི་གླེང་སྟེགས་ནང་ཕྱིར་ལོག་ཡོང་ཐབས་ དཔལ་འབྱོར་ཉམས་རྒུད་བསྐྱར་གསོ་གནང་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་གནང་ཡོད་ལུགས་ཨེ་ཨེཕ་པི་སོགས་རྒྱལ་སྤྱིའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག སྟོབས་ཆེན་རྒྱལ་ཁབ་གཉིས་དབར་ཆབ་སྲིད་དང་ཚོང་འབྲེལ་ཐད་དགོངས་མཐུན་མེད་པའི་རྣམ་པར་སྲིད་འཛིན་ཧུའུ་ཇིན་ཐའོ་ཡིས་ཨ་མི་རི་ཀས་བར་ལམ་རྒྱ་ནག་གི་ཚོང་ཟོག་ཁག་ཅིག་ལ་ཚོང་ཁྲལ་སྤར་བ་དེར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག་ཡུལ་གཉིས་དབར་གང་ཅིའི་ཐད་འདྲ་མཉམ་གྱི་འབྲེལ་ལམ་དགོས་ལུགས་གསུངས་གནང་འདུག སྲིད་འཛིན་ཨོ་སྦ་མ་མཆོག་ནས་རྒྱ་ནག་གིས་འཛམ་གླིང་གི་ཚོང་འབྲེལ་གྱི་འགྱུར་ལྡོག་ལ་མི་ལྟོས་པར་རྒྱ་སྒོར་གྱི་འཛའ་བསྒྱུར་ལ་དུས་བསྟུན་འགྱུར་བ་བཏང་མེད་པའི་སྐྱོན་ཆ་ཐེར་བཏོན་གནང་འདུག སྲིད་འཛིན་ཨོ་སྦ་མ་ཡིས་ཨི་རན་གྱི་རྡུལ་ཕྲན་གོ་མཚོན་གྱི་ལས་གཞི་མཚམས་འཇོག་གང་མགྱོགས་མ་བྱས་ཚེ་དཀའ་ངལ་འཕར་མ་སྤྲོད་རྒྱུའི་ཉེན་བརྡ་བཏང་འདུག་ཀྱང་སྲིད་འཛིན་ཧུའུ་ཇིན་ཐའོ་ཡིས་ཨི་རན་དང་འགྲིགས་འཇགས་ཀྱི་གྲོས་མོལ་མཇུག་སྐྱོང་གནང་རྒྱུར་ཤུགས་སྣོན་དགོས་ལུགས་གསུངས་ཡོད་འདུག སྲིད་འཛིན་ཨོ་སྦ་མ་མཆོག་གིས་རྒྱ་ནག་ལ་མ་ཕེབས་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་མ་གནང་བ་དེར་རང་དབང་དོན་གཉེར་བ་ཚོས་སྐྱོན་བརྗོད་བྱས་པ་ལྟར་སྲིད་འཛིན་གྱིས་བོད་དོན་སྐོར་ཐད་ཀར་གླེང་སློང་གནང་ཡོད་འདུག སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཨ་མི་རི་ཀས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་རྒྱ་ནག་གཅིག་གི་ལམ་ལུགས་ངོས་འཛིན་གནང་གི་ཡོད་ལུགས་གསུངས་པ་དང་སྦྲགས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་གྱི་ཞི་མོལ་མཇུག་སྐྱོང་གནང་དགོས་པའི་སྐུལ་དེད་གནང་ཡོད་འདུག།