བོད་མིས་ངོ་རྒོལ་བྱེད་པར་དོགས་ནས་རྒྱ་ནག་གིས་དམག་མི་མང་པོ་འགྲེམས་འཇོག
མཚོ་སྔོན་བཱ་ཡན་ནམ་དཔལ་ལུང་ཕྱོགས་ནས་རྒྱ་ནག་གིས་གཙང་ཆུ་གཞན་འདྲེན་ལ་བོད་མིས་ངོ་རྒོལ་བྱེད་པར་དོགས་ནས་དམག་མི་དམང་པོ་འགྲེམས་འཇོག་བྱས་འདུག
-
2018-07-20 -
-
-
རྒྱ་ནག་གཞུང་ནས་ཨུ་ཚུགས་ངང་མཚོ་སྔོན་བ་ཡན་དཔལ་ལུང་ཕྱོགས་ཀྱི་བོད་མིའི་ས་གནས་སུ་ལག་ལེན་བྱེད་བཞིན་པའི་གཙང་ཆུ་གཞན་དུ་འདྲེན་པའི་ལས་གྲྭ་ཞིག་ལ་ས་གནས་བོད་མིས་ངོ་རྒོལ་བྱེད་རྒྱུར་དྭོགས་ཏེ། ད་ཆ་རྒྱ་ནག་གཞུང་ནས་ཁུལ་དེའི་ནང་ཉེན་རྟོག་པ་འབོར་ཆེན་ཞིག་འགྲེམས་འཇོག་བྱས་འདུག
དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བཙན་ཤེད་ངང་མཚོ་སྔོན་བ་ཡན་དཔལ་ལུང་བོད་མིའི་ས་ཁུལ་དེའི་གཙང་པོ་ཞིག་གི་གཙང་ཆུ་གཞན་དུ་འདྲེན་རྒྱུའི་ལས་གྲྭ་ཞིག་ཨུ་ཚུགས་ངང་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཡང་དེ་འདྲའི་རྒྱ་ནག་གཞུང་གི་གཙང་ཆུ་གཞན་དུ་འདྲེན་པའི་ལས་གྲྭ་དེ་དངོས་སུ་འགོ་མ་ཚུགས་གོང་། འབྲེལ་ཡོད་ལས་གྲྭ་དེའི་འཆར་བཀོད་ཚན་པས། ལས་གྲྭ་དེའི་ཐོག་ས་གནས་བོད་མིར་བསམ་ཚུལ་ག་རེ་ཡོད་མེད་ལ་སོགས་པའི་ས་གནས་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་རྩ་བ་ནས་མ་བྱས་པར། རང་འདོད་བཞིན་གཙང་ཆུ་གཞན་དུ་འདྲེན་པའི་ལས་གྲྭ་དེ་འགོ་ཚུགས་བྱས་ཡོད་ཅིང་། དེ་འདྲའི་རྒྱ་ནག་གི་གཙུང་ཆུ་གཞན་དུ་འདྲེན་པའི་ལས་གྲྭ་དེས་རིང་མིན་ཆུ་མར་གྲོང་ཚོའི་ཁུལ་གྱི་ཞིང་འབྲོག་མི་དམངས་ཚོའི་ཞིང་ཁ་དང་རྩ་རྭ། སེམས་ཅན་བཅས་ཀྱི་ཆུའི་ཡོང་ཁུངས་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་པ་མ་ཟད། ད་དུང་དེ་འདྲའི་རྒྱ་ནག་གཞུང་གི་བཙན་ཤེད་ངང་ལག་ལེན་བྱེད་པའི་ཆུ་འདྲེན་གྱི་ལས་གྲྭ་དེས་ཁུལ་དེའི་རང་འབྱུང་ཁོར་ཡུག་ལ་གནོད་འཚེ་ཚབས་ཚེ་བཟོ་ངེས་པ་དང་། དེ་མིན་རྒྱ་ནག་གཞུང་གི་ཆ་འདྲེན་ལས་གྲྭ་དེའི་ཁྲོད་ཚུད་པའི་ས་གནས་ཞིང་འབྲོག་མི་དམངས་ཀྱི་ཞིང་ས་དང་རྩ་རྭ་སོགས་ཀྱི་ཐོག་ལ་རྒྱ་ནག་གཞུང་ཕྱོགས་ཀྱི་ངོས་ནས་སྐྱིན་ཚབ་གང་ཡང་འཇལ་མྱོང་མེད་པས། དེ་འདྲའི་གནས་ཚུལ་དེ་ཚོའི་ཐོག་ས་གནས་ཞིང་འབྲོག་མི་དམངས་ཚོར་སེམས་ཁྲལ་ཆེན་པོ་ཞིག་ཡོང་བཞིན་ཡོད་པ་དང་། ཆབས་ཅིག་ས་གནས་བོད་མིའི་ཁྲོད་དེ་འདྲའི་རྒྱ་ནག་གཞུང་ཕྱོགས་ཀྱི་ཆུ་འདྲེན་ལས་གྲྭ་དེར་སྐྱོན་འཛུགས་བྱེད་མཁན་ཇི་མང་དུ་འགྲོ་བཞིན་ཡོད་པས་། དེར་བརྟེན་རྒྱ་ནག་གཞུང་ནས་ཨུ་ཚུགས་ངང་བོད་མིའི་ས་གནས་སུ་ལག་ལེན་བྱེད་བཞིན་པའི་གཙང་ཆུ་གཞན་དུ་འདྲེན་པའི་ལས་གྲྭ་ཞིག་ལ་ས་གནས་བོད་མིས་ངོ་རྒོལ་བྱེད་རྒྱུར་དྭོགས་ཏེ། ད་ཆ་རྒྱ་ནག་གཞུང་ནས་ཁུལ་དེའི་ནང་ཉེན་རྟོག་པ་འབོར་ཆེན་ཞིག་འགྲེམས་འཇོག་བྱས་འདུག
དེ་སྔ་སྤྱི་ལོ་༢༠༡༧ལོའི་ཟླ་༦པའི་ཚེས་༡་ཉིན་བ་ཡཱན་དཔལ་ལུང་ཕྱོགས་ཀྱི་གཞུང་ཆུ་དེའི་ཁ་མཐར་དགའ་སྡེ་བའི་ཕྱོགས་སུ་བསྒྱུར་ཐབས་བྱེད་བཞིན་པའི་སྐབས་མ་མཐུན་པ་བྱུང་ནས་གནས་སྟངས་ཛ་དྲག་ལ་གྱུར་བ་དང་། ས་གནས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མི་མང་པོ་ས་གནས་སུ་འབྱོར་ནས་གནས་སྟངས་ཞི་འཇགས་ལ་གཏོང་ཐབས་བྱས་ཀྱང་མ་ཕན་པར་ཉེན་རྟོག་པ་དང་གདོང་ཐུག་བྱུང་ཡོད།
གསར་འགོད་པ་ཀུན་བཟང་རིག་འཛིན།