དགུང་ལོ་༨༡ཡིན་པའི་རྩོམ་པ་པོར་བཙོན་འཇུག་ཁྲིམས་ཆད་བཏང་བ།

རྩོམ་པ་པོ་དེས་ཁྲིམས་འགལ་གྱི་སྒོ་ནས་ཚོང་འབྲེལ་བྱས་པའི་ནག་ཉེས་བཙུགས་རྗེས་ལོ་གཉིས་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

རྒྱ་རིགས་རྩོམ་པ་པོ་Huang Zerong མཐུན་འགྱུར་པར་རིས

དེ་ཡང་རང་ལོ་༨༡་ཡིན་པའི་རྒྱ་རིགས་རྩོམ་པ་པོ་Huang Zerongཡིས་རྒྱ་ནག་དམར་ཤོགས་ཚོགས་པའི་དྲིལ་བསྒྲགས་གཙོ་འཛིན་ལ་སྐྱོན་བརྗོད་བྱས་པར་བརྟེན་ནས་ཚེས་༢༥ཉིན་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་རྩོམ་པ་པོ་དེས་ཁྲིམས་འགལ་གྱི་སྒོ་ནས་ཚོང་འབྲེལ་བྱས་པའི་ནག་ཉེས་བཙུགས་ནས་ལོ་གཉིས་དང་ཕྱེད་ཀའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག Huang Zerongའམ་སྨྱུག་མིང་ལ་Tie Liuཞེས་འབོད་པའི་རྒྱ་རིགས་རྩོམ་པ་པོ་བགྲེས་སོང་ཁོང་ལ་ཉེས་མེད་ཉེས་བཙུགས་ཀྱིས་བཙོན་འཇུག་ཁྲིམས་ཐག་ཅད་པ་དེ་ནི་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་དང་། རྒྱ་གཞུང་དང་ཆབ་སྲིད་ཀྱི་བལྟ་སྤྱོད་ཐ་དད་འཛིན་མཁན། དེ་བཞིན་དྲ་རྒྱ་ཁག་གི་ཐོག་སྟངས་འཛིན་དོ་དམ་པོ་བྱེད་མུས་ཡིན་པའི་དཔེ་མཚོན་གསར་ཤོས་དེ་ཡིན་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། དེ་སྔ་རྩོམ་པ་པོ་Huang Zerongཡིས་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་དང་རྒྱ་ནག་དམར་ཤོག་ཚོགས་པའམ་རྒྱ་གུང་ཁྲན་ཏང་ལ་སྐྱོན་བརྗོད་བྱས་པར་བརྟེན་ནས་ལོ་༢༥་རིང་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་བཅུགས་ནས་སྡུག་སྦྱོང་བཏང་མྱོང་འདུག Huang Zerongཡི་ཁྲིམས་རྩོད་པས་རོ་ཡ་ཊར་གསར་ལས་ཁང་ལ་བརྗོད་གསལ་ལྟར་ན་ཁྲིན་འདུ་གྲོང་ཁྱེར་ནང་གི་རྒྱ་མིའི་ཁྲིམས་ཁང་ནས་Huangཡིས་ཁྲིམས་འགལ་སྒོ་ནས་ཚོང་འབྲེལ་བྱས་པའི་ཉེས་མིང་འོག་ལོ་གཉིས་དང་ཕྱེད་ཀའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། རྒྱ་སྒོར་གསུམ་ཁྲི་ཡི་དངུལ་གྱི་ཉེས་ཆད་ཀྱང་བཏང་ཡོད་རུང་།  གལ་ཏེ་ཁོང་ནས་ཁྲིམས་འགལ་གྱི་བྱེད་སྒོ་རིགས་མ་བྱས་ཚེ་བཙོན་ཁང་གི་ཕྱི་ལ་གནས་ཆོག་པའི་ལོ་བཞིའི་རིང་བཙོན་འཇུག་ཕྱིར་འགྱངས་བྱས་འདུག རྒྱ་རིགས་རྩོམ་པ་པོ་དེའི་སྐུ་གཟུགས་ཀྱི་གནས་སྟངས་ཞན་པོ་ཡོད་པའི་རྐྱེན་གྱིས་དེ་རིང་དངུལ་གཏའ་མར་སྤྲད་པའི་རྗེས་སུ་གློད་བཀྲོལ་བཏང་འདུག གོང་ཞུས་རྩོམ་པ་པོ་དེར་ཁྲིམས་ཞིབ་བྱེད་སྐབས་ཁྲིམས་ཁང་གི་ཕྱི་ལ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མི་གྲངས་༣༠་ལྷག་གིས་ངོ་རྒོལ་བྱེད་རྩིས་བྱས་ཀྱང་། ཁོང་གི་ནང་མི་ཚོས་ངོ་རྒོལ་བྱེད་མི་དགོས་པའི་འབོད་སྐུལ་བྱས་ཡོད་པའི་གནས་ཚུལ་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org