བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་བོད་ནང་གི་གནས་སྟངས་ཧ་ཅང་ཞེན་པོའི་ཐོག་གནས་བཞིན་ཡོད་པ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་བརྗོད་བཞིན་ཡོད་པ་རེད།
- 2020-12-09
-
-
-
Your browser doesn’t support HTML5 audio
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་བོད་ནང་གི་གནས་སྟངས་ཧ་ཅང་ཞེན་པོའི་ཐོག་གནས་བཞིན་ཡོད་པ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་བརྗོད་བཞིན་ཡོད་པ་རེད།
ཕྱི་ཟླ་༡༢ཚེས་༡༠ཉིན་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བའི་ཉིན་མོ་དེ་ཡིན་ཞིང་། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་མུ་འཐུད་རྡོག་རོལ་དུ་གཏོང་ཐོག་བོད་ནང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ཉམས་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
དེ་སྔ་རྒྱ་མིའི་བཙོན་ཁང་ལ་རྒྱུན་རིང་བཙོན་བཅུག་གི་དཀའ་སྡུག་མྱངས་མཁན་ཆབ་སྲིད་བཙོན་ཟུར་ལྔ་ཕྱི་ལོ་༢༠༢༠ ལོ་གཅིག་པུའི་ནང་འདས་གྲོངས་སུ་སོང་ཞིང་། གཞན་ཡང་༢༠༢༠ལོའི་ནང་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། གར་སོང་ཆ་མེད་དུ་སོང་བ་གང་བྱུང་བཀག་ཉར་བྱས་པའི་ཆབ་སྲིད་བཙོན་པ་མང་པོ་བྱུང་ཡོད་པ་རེད།
ཐེངས་འདིར་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། ༢༠༢༠ལོར་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁོངས་ནས་མི་སྣ་ལྔའི་ལོ་རྒྱུས་ཟུར་འདོན་ཞུས་པའི་ནང་ནས་གྲགས་ཆེ་བ་ཞིག་ནི།
༡) སྟག་སྣ་འཇིགས་མེད་བཟང་པོ་ལགས་ཡིན་ཅིང་། ཁོང་ནི་ཕྱི་ལོ་༡༩༢༦ལོར་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་ཆུ་ཤུལ་རྫོང་དུ་སྐུ་འཁྲུངས་པ་དང་། ཕྱི་ལོ་༡༩༦༥ལོར་བོད་དོན་ཆེད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་པ་དང་། ཁོང་གིས་ཕྱི་ལོ་༡༩༩༡ལོར་སུད་སིའི་གཞུང་འབྲེལ་མི་སྣས་གྲྭ་བཞི་བཙོན་ཁང་ནང་གཟིགས་ཞིབ་གནང་སྐབས་ཁོང་གིས་སྐད་འབོད་གནང་པར་བརྟེན་བཙོན་དུས་འཕར་མ་ཕོགས་ནས་ཁྱོན་བསྡོམས་མི་ལོ་༣༧རིང་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་མྱངས་པའི་བཙོན་འཇུག་དུས་ཡུན་རིང་ཤོས་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ཆགས་ཡོད་པ་རེད།
སྟག་སྣ་འཇིགས་མེད་བཟང་པོ་ལགས་སྤྱི་ལོ་༢༠༢༠ལོའི་ཕྱི་ཟླ་བཅུ་པའི་ཚེས་༡༧ཉིན་དགུང་གྲངས་༩༤ཐོག་སུད་སིར་དགོངས་པ་རྫོགས་ཡོད་པ་རེད།
༢) བོད་ཁམས་ཉག་རོང་རྫོང་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་ནི་ཕྱི་ལོ་༡༩༣༢ལོར་འཁྲུངས་ཞིང་། ཁོང་ནས་རྒྱ་ནག་གཞུང་ལ་འགོག་རྒོལ་གྱི་ལས་འགུལ་ནང་ཞུགས་རྐྱེན་ཕྱི་ལོ་༡༩༥༨ལོར་འཛིན་བཟུང་ཐོག་བཙོན་ཁང་འདྲ་མིན་དུ་ཁྱོན་མི་ལོ་༢༧ཙམ་དཀའ་སྡུག་ཚད་མེད་མྱངས་སྟེ་ཕྱི་ལོ་༡༩༨༥ལོར་གློད་བཀྲོལ་ཐོབ་ཡོད་པ་རེད། ཕྱི་ལོ་༢༠༡༩ལོ་མཇུག་ནས་སྙུན་གཞི་བཞེས་པ་དང་དགུང་ནའི་བབ་ཀྱིས་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་༢༠༢༠ ཟླ་༨ ཚེས་༣ཉིན་བཞུགས་སྒར་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་ཡོད་པ་རེད།
༣) བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་རིང་བག་གྲོ་ལགས། བོད་ལྗོངས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ནས་ཡིན་པ་དང་། ཁོང་གིས་ཕྱི་ལོ་༡༩༩༢ལོའི་ཟླ་༦བའི་ཚེས་༡༠་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་བར་བརྟེན་འཛིན་བཟུང་བྱས་ནས་ལྷ་སའི་དགུ་རྩ་བཙོན་ཁང་དུ་བཅུག་པ་དང་། རྗེས་སུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་དུས་བཀག་བཙོན་འཇུག་ལོ་༨ཀྱི་ཁྲིམས་ཐག་བཅད་པ་ཡོད་པ་རེད། ཚེ་རིག་བག་གྲོ་ལགས་༢༠༢༠ལོའི་ཟླ་༤བའི་ཚེས་༢༦ཉིན་རང་ལོ་༥༡ཐོག་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཡུལ་ཚོའི་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།
༤) བོད་ཀྱི་ཆབ་སྲིད་བཙོན་ཟུར་གསེར་རྟ་རྫོང་ཕུ་གུ་ཞང་གི་དགེ་འདུན་པ་ཆོས་ཀྱིས་ལགས་ནས་ཕྱི་ལོ་༢༠༡༥ལོར་བོད་ནང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་བའི་ལས་འགུལ་སྤེལ་ལུགས་ཀྱི་ཉེས་འཛུགས་འོག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བརྒྱུད། ལོ་ངོ་བཞི་མ་ཟིན་ཙམ་གྱི་རིང་བཙོན་འཇུག་རྗེས་གློད་གྲོལ་ཐོབ་ཡོད་པ་དང་། བཙོན་ཁང་དུ་ཡོད་སྐབས་རྒྱ་ནག་གི་ཉེན་རྟོག་པས་མནར་གཅོད་ཡུན་རིང་བཏང་རྐྱེན་ནད་མནར་ཚབ་ཆེན་དུ་གྱུར་ཡོད་པ་མ་ཟད། ལྷ་ས་དང་མཚོ་སྔོན་སོགས་སུ་སྨན་བཅོས་ཆེད་འགྲོ་རྒྱུར་ཡང་བཀག་འགོག་བྱས་ཡོད་པས། དུས་ཐོག་སྨན་བཅོས་མ་ཐུབ་པ་སོགས་ལ་བརྟེན་ཁོང་སྤྱི་ལོ་༢༠༢༠་ཟླ་བ་༥པའི་ཚེས་༧ཉིན་གསེར་རྟ་རྫོང་ཐོག་གི་རང་ཁྱིམ་ནས་འདས་གྲོངས་སུ་གྱུར་ཡོད་པ་རེད།
༥) ཁམས༌འབྲི་རུ་རྫོང་ཆགས་རྩེ་ཤང་ནས་ཡིན་པའི་བུད་མེད་ལྷ་མོ་ལགས་དང་ཁོང་མོའི་སྤུན་མཆེད་བསྟན་འཛིན་ཐར་པ་ལགས་རྣམ་གཉིས་རྒྱ་ནག་གཞུང་གིས་རྒྱ་གར་ལ་དངུལ་གཏང་བའི་ཉེས་མིང་འོག་༢༠༢༠ལོའི་སྤྱི་ཟླ་༦པའི་ནང་བོད་ནག་ཆུ་ཁུལ་དུ། གློ་བུར་དུ་འཛིན་བཟུང་བྱས་ཤིང་། དེ་རྗེས་༢༠༢༠ལོའི་སྤྱི་ཟླ་༨པའི་ནང་ལྷ་མོ་ལགས་ཀྱི་ནང་མིར་ཉེན་རྟོག་པས་ཁ་པར་འབྱོར་ཞིང་གང་མགྱོགས་ནག་ཆུའི་སྨན་ཁང་ཞིག་ཏུ་ཡོང་དགོས་སྐོར་བཤད་འདུག་པ་དང་། ཁོང་མོའི་ནང་མི་སྨན་ཁང་དུ་འགྲོ་སྐབས་ལྷ་མོ་ལགས་ཀྱི་གནས་སྟངས་ཧ་ཅང་སྡུག་པོ་ཡོད་འདུག་ཅིང་། སྨན་ཁང་ནང་ཉིན་ཤས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་སྨན་ཁང་དུ་གྲོངས་ཡོད་འདུག
ཡང་༢༠༢༠ལོར་རྒྱ་ནག་གཞུང་གི་བོད་མིར་ཁྲིམས་ཐག་བཅད་པ་དང་གར་སོང་ཆ་མེད་དུ་གྱུར་བ། གང་བྱུང་བཀག་ཉར་བྱས་བ་སོགས་ཤེས་རྟོགས་ཡོད་པ་༡༤ ཡོད་པ་རྣམས་ཀྱི་སྨྲ་བརྗོད་ཀྱི་རང་དབང་འཕྲོག་པ་དང་དེ་མིན་གྱི་གཞི་རྩའི་རང་དབང་ཐོབ་ཐང་ལོངས་སུ་སྤྱོད་དུ་མ་གཅུག་པ་དང་འབྲེལ་བ་ཡོད་པ་རེད་འདུག
༡) བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་ས་ཁུལ་མདོ་ཁམས་འབྲི་རུ་རྫོང་ཁོངས་ནས་ཡིན་པ། བོད་མི་གཞོན་སྐྱེས་གླུ་བ་ལྷུན་འགྲུབ་གྲགས་པ་ལགས་ནས་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ཁག་ལ་སྐྱོན་བརྗོད་ཀྱི་གླུ་དབྱངས་བླངས་པར་ཉེས་འཛུགས་ཀྱིས། རྒྱ་ནག་གཞུང་གིས་༢༠༡༩ཟླ་བ་ལྔ་བའི་ནང་འཛིན་བཟུང་བཙན་ཁྲིད་དང་འབྲེལ། ཁྲིམས་ཀྱི་འགྲོ་ལུགས་གང་ཡང་སྒྲུབ་བཅུག་མེད་པར། ༢༠༢༠ལོའི་སྤྱི་ཟླ་༦པའི་ནང་ཁོང་ལ་ལོ་དྲུག་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།
༢) ༢༠༢༠ཟླ་༧ནང་རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ནས་ཡིན་པའི་བོད་མི་མཁའ་མགྲོ་ཚེ་བརྟན་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་ལུགས་ཀྱི་ཉེས་ཆད་ལོ་ལྔ་དང་། རྒྱལ་ཁབ་མགོ་རྟིང་སློག་རབས་ཀྱི་ཉེས་ཆད་ལོ་གཉིས་བཅས་ཁྱོན་མི་ལོ་བདུན་དང་། གླུ་བ་ཚེ་རྒོ་ལ་མི་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
༣) བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ནས་ཡིན་པ་བོད་རིགས་བུད་མེད་ཚེ་རིང་མཚོ་ལགས་ནས། སྐད་འཕྲིན་སོགས་ཀྱི་བརྒྱུད་ལམ་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་བཅས་དགོས་པའི་རྩོམ་ཡིག་སྣ་མང་སྤེལ་བར་བརྟེན། ཉེ་ལམ་སྤྱི་ཟླ་༡༡པའི་ཚེས་༡༢ཉིན་གྱི་མཚན་མོར། རྒྱ་ནག་གཞུང་གི་ལས་བྱེད་པ་མི་གྲངས་བཅུ་ཐམ་པ། ཟི་ལིང་གྲོང་ཁྱེར་གྱི་ཚེ་རིང་མཚོའི་རང་ཤག་ཏུ་ཡོང་སྟེ། ཁྲི་ཀ་རྫོང་གི་སྤྱི་བདེ་ཉེན་རྟོག་ཁང་དུ་བཙན་ཁྲིད་ཀྱིས་བཀག་སྐྱིལ་དང་། གློད་གྲོལ་གྱི་སྐབས་སུའང་རྒྱ་སྒོར་གཅིག་སྟོང་གི་ཆད་པ་བཅད་ཡོད་རེད།
༤) ༢༠༢༠ལོའི་སྤྱི་ཟླ་༦པའི་ནང་བོད་ནག་ཆུ་ཁུལ་དུ། གློ་བུར་དུ་རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་ནས་ཡིན་པའི་རང་ལོ་༣༩ཅན་བསྟན་འཛིན་ཐར་པ་ལགས་རྒྱ་གར་ལ་དངུལ་བཏང་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཤིང་། ད་ལྟའི་ཆར་ཁོང་གི་གནས་སྟང་ཁ་གསལ་གང་ཡང་མེད་པ་རེད།
༥) བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་ཞིབ་འཇུག་སློབ་མའི་སློབ་གཉེར་གནང་བཞིན་པ། མདོ་སྨད་མཚོ་སྔོན་ཞིང་ཆེན་མང་ར་རྫོང་ནས་ཡིན་པ། བོད་མི་གཞོན་སྐྱེས་ཀུན་བཟང་རྒྱལ་མཚན་ལགས་ནས། བོད་དོན་ཆབ་སྲིད་དང་འབྲེལ་བ་ཡོད་པའི་དཔེ་ཆ་ཁག་ཅིག་འགྲེམ་སྤེལ་བྱེད་བཞིན་པར་ཁག་གཡར་སྟེ། རྒྱ་ནག་གཞུང་གིས་སྤྱི་བདེ་ཉེན་རྟོག་པས་སྤྱི་ལོ་༢༠༢༠ལོའི་ཟླ་བ་༦པའི་ནང་ཁོང་དངོས་སུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་ཁོང་ད་ལྟ་གར་ཡོད་ཀྱི་གནས་ཚུལ་ད་དུང་ཡང་གསལ་ཁ་མེད་པར་ལྷག་ཡོད་པ་རེད།
༦) སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ༡༢ ཚེས་༢རེས་གཟའ་ལྷག་པའི་ཉིན་མདོ་སྨད་རེབ་གོང་ནས་ཡིན་པའི་རྩོམ་པ་པོ་དང་སྙན་ངག་པ་དགེ་འདུན་ལྷུན་གྲུབ་ལགས་རྒྱ་ནག་གཞུང་གིས་རྒྱུ་མཚན་ཁ་གསལ་འགྲེལ་བརྗོད་མ་བྱས་པར་གློ་བུར་དུ་འཛིན་བཟུང་བྱས་འདུག་པ་མ་ཟད། ད་ལྟའི་ཆར་ཁོང་གི་གནས་སྟངས་ཇི་འདྲ་ཡིན་མིན་སོགས་དེ་བས་གནས་ཚུལ་ཁ་གསལ་ཤེས་རྟོགས་མེད་པར་ལྷག་ཡོད་པ་རེད།
གོང་གི་གནས་ཚུལ་དེ་དག་ཚང་མ་རྒྱ་ནག་རང་ཉིད་དང་རྒྱལ་སྤྱིའི་ཁྲིམས་གཉིེས་ཀ་དང་འགལ་བ་ཡིན་པ་དང་། ད་དུང་ཡང་བོད་ནང་དུ་ཤེས་རྟོགས་མེད་པའི་གནས་ཚུལ་དེ་ལས་མང་བ་ཡོད་སྲིད་པས། གནས་སྟངས་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཏུ་འགྲོ་བཞིན་ཡོད་པ་གསལ་སྟོན་ཐུབ་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།