བོད་མི་མང་སྤྱི་འཐུས་ནས་ཟས་བཅད་ངོ་རྒོལ་གནང་བ།

བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ རབ་གནས་ཆུ་འབྲུག་ལོའི་ལོ་གསར་ཚེས་གཅིག་ཉིན་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་གཅིག་གི་ཟས་བཅད་ངོ་རྒོལ་གནང་འདུག སྤྱི་འཐུས་ལྷན་ཚོགས་ནས་དེ་རིང་བོད་ཀྱི་ལོ་གསར་དང་ལྷག་དཀར་གྱི་ཉིན་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པའི་ནང༌། བོད་དང་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེག་བཏང་གནང་མཁན་བོད་མི་སྐྱ་སེར་གྲངས་༢༣ནང་ནས་བཙུན་མ་གསུམ་ཐེ་པའི་མི་གྲངས་༡༥འི་སྐུ་སྲོག་ཤོར་བ་སོགས་རྒྱ་གཞུང་གི་གདུག་རྩུབ་འོག་བོད་མི་ཚོ་དཀའ་སྡུག་ཆེན་པོ་མྱོང་བཞིན་པའི་གནས་ཚུལ་ཐུགས་འཚབ་ཀྱིས་། བོད་ནང་ཆེས་ཛ་དྲག་གི་གནས་སྟངས་གཅིག་མཇུག་གཉིས་མཐུད་འབྱུང་བཞིན་པ་འདི་དག་ཐད་སྔ་རྗེས་སུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་རིམ་པ་གནང་ཡོད་པ་དང༌། སྤྱི་འཐུས་ལྷན་ཚོགས་ནས་གསལ་བསྒྲགས་སྔ་རྗེས་དང༌། ཉེ་ཆར་ལྡི་ལིར་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་མཇལ་འཕྲད་ཀྱིས་ཞུ་སྙན་ཕུལ་བ་དང༌། རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ལ་ཡོངས་བསྒྲགས་སྙན་ཞུ་འབུང་བའི་ནང་གི་རེ་འདུན་ཁག་ལ་རྒྱ་ནག་གཞུང་གི་འཕྲལ་དུ་བསམ་ཞིབ་དགོས་པའི་རེ་སྐུལ་བསྐྱར་ནན་གནང་འདུག་ལ། རང་དབང་དམངས་གཙོའི་སྲིད་གཞུད་དང་གྲོས་ཚོགས་ཁག་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་། ཡོངས་ཁྱབ་རིན་ཐང་ལ་འདི་ལྟར་རྩིས་མེད་རྡོག་རོལ་གཏོང་བའི་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངན་པ་རྒྱ་ཡན་དུ་མི་འགྲོ་བའི་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་བཞེས་ནས་བདེན་པའི་རྒྱབ་སྐྱོར་ངེས་པར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org