དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་ཀྱི་ཡང་སྲིད་ཁྲི་འདོན།
རིག་ལམ་སློབ་གཉེར་ཁང་གི་འགན་འཛིན་དམ་པ་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་ཀྱི་ཡང་སྲིད་ཁྲི་འདོན་གནང་ཡོད་འདུག
-
2009-04-06 -
-
-
༄༅༎རིག་ལམ་སློབ་གཉེར་ཁང་གི་འགན་འཛིན་དམ་པ་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་ཀྱི་ཡང་སྲིད་ཁྲི་འདོན་གནང་ཡོད་འདུག
བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན་ཁ་ས་རེས་གཟའ་ཟླ་བ་གཟའ་སྐར་དགེ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལར་རིག་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་རྒྱ་མཚོ་དམ་པ་དེའི་ཡང་སྲིད་དུ་ངོས་འཛིན་ཞུས་པའི་སྤྲུལ་སྐུ་མཚན་ཉིད་མཁན་སྤྲུལ་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་མཆོག་གི་ཁྲི་འདོན་གནང་ཡོད་འདུག ཁྲོ་འདོན་གྱི་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་འགོ་འཁྲིད་གཞན་ཡང་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཆེད་བཅར་ཞུས་ཡོད་འདུག་ལ་ཚང་མས་ཡང་སྲིད་རིན་པོ་ཆེ་མཆོག་ལ་རྟེན་འབྲེལ་འཚམས་འདྲི་ཞུས་ཡོད་པ་རེད།
དགུང་གྲངས་དགུར་ཕེབས་པའི་མཚན་ཉིད་མཁན་སྤྲུལ་བསྟན་འཛིན་ཚེ་བརྟན་རིན་པོ་མཆོག་ནི་བཞུགས་སྒར་ཁུལ་རྟེན་གཞི་བྱེད་པའི་རིག་ལམ་སློབ་གཉེར་ཁང་དང་ཆེས་མཐོའི་སཧ་ར་བོད་ཀྱི་ནང་ཆོས་སློབ་གཉེར་ཁང་གཉིས་ཆེད་བཙུགས་གནང་མཁན་གྱི་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་དམ་པ་དེའི་ཡང་སྲིད་ཡིན་པ་རེད། རིག་ལམ་སློབ་གཉེར་ཁང་གི་དབུ་འཛིན་དམ་པ་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་ཕྱི་ལོ་༡༩༩༧ལོར་དགོངས་པ་རྫོགས་པ་དང་ཁོང་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕྱི་ལོ་ཉིས་སྟོང་གཅིག་ཕྱི་ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན་ལ་དྭགས་ཁུལ་ཡབ་ཚེ་རིང་རྒྱལ་མཚན་དང་ཡུམ་སྐལ་བཟང་དབྱངས་སྐྱིད་ཀྱི་སྲས་སུ་འཁྲུངས་པ་དང་ཕྱི་ལོ་ཉིས་སྟོང་དྲུག་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལགས་དམ་པ་དེའི་ཡང་སྲིད་དུ་ངོས་འཛིན་གནང་བ་ཞིག་ཡིན་པ་རེད།