ཡོ་རོབ་སྤྱི་མཐུན་ནས་བོད་ཐོག་སྲིད་ཇུས་གཅིག་མཚུངས་དགོས།
ཡོ་རོབ་སྤྱི་མཐུན་ནས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དེ་གཅིག་མཚུངས་ཤིག་དགོས་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབོད་བསྐུལ།
-
2009-05-18 -
-
-
༄༅༎ཡོ་རོབ་སྤྱི་མཐུན་ནས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དེ་གཅིག་མཚུངས་ཤིག་དགོས་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འབོད་བསྐུལ་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱིས་ཡོ་རོབ་སྤྱི་མཐུན་ནས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དེ་ཇི་འདྲ་ཞིག་དགོས་པའི་སྐོར་ཡིག་ཆ་ཞིག་ཕྱི་ཚེས་ཉི་ཤུ་ཉིན་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ས་སྦ་ར་སེལ་སི་ནང་འགྲེམས་སྤེལ་གནང་རྒྱུ་ཡིན་པ་རེད། ཡིག་ཆ་དེའི་ནང་ཡོ་རོབ་སྤྱི་མཐུན་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དོན་ཚན་བཞིའི་ཐོག་ཕྱག་ལྟར་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད། དེ་ཡང་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་རྣམས་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་སྤྱི་མཚུངས་ཤིག་ཡོང་རྒྱུར་འབྲེལ་ཡོད་རྒྱལ་ཁབ་ཕན་ཚུན་འབྲེལ་བ་གནང་ནས་བོད་དོན་ཐོག་རྒྱབ་སྐྱོར་གྱི་སྲིད་བྱུས་དེ་གསལ་པོ་བཟོ་དགོས་པ།དོན་ཚན་གཉིས་པའི་ནང་མ་འོངས་པའི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་གླིང་ཆེན་ནང་ཆིབས་བསྒྱུར་སྐྱངས་སྐབས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ནས་གཅིག་མཚུངས་ཀྱི་སྲིད་བྱུས་ཤིག་གཏན་འཁེལ་གནང་དགོས་པ།དོན་ཚན་གསུམ་པའི་ནང་ཡོ་རོབ་སྤྱི་མཐུན་གྱིས་བོད་རྒྱ་ཞི་མོལ་ཐོག་རྣོ་ངར་ལྡན་ལ་གྲུབ་འབྲས་སོན་ངེས་ཀྱི་རྒྱབ་སྐྱོར་གནང་དགོས་པ་དེ་བཞིན་བོད་ནང་གི་གནས་སྟངས་ཐོག་རྒྱ་ནག་གཞུངལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གླེང་སྟེགས་ཁག་བེད་སྤྱོད་གནང་ནས་གནོན་ཤུགས་དང་རྒྱལ་སྤྱིའི་ནང་བོད་དོན་ཐོག་མཐུན་འབྲེལ་དང་འབྲེལ་མཐུད་ཀྱི་ལས་དོན་དེ་གཞི་རྒྱ་ཆེ་རུ་གཏོང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད། གོང་ཞུས་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱིས་ཡོ་རོབ་སྤྱི་མཐུན་ལ་ཕུལ་བའི་ཞུ་ཡིག་དེ་ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་སྲིད་འཛིན་དང་ཡོ་རོབ་སྤྱི་མཐུན་གྱི་ཕྱི་སྲིད་དང་སྲུང་སྐྱོབས་ལས་ཁང་གི་སྐུ་ཚབ་དེ་བཞིན་ཡོ་རོབ་སྤྱི་མཐུན་གྱི་ཚོགས་མི་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམ་པར་ཕུལ་ཡོད་པ་རེད།