བཙན་བྱོལ་བོད་མི་ཞིག་གིས་བོད་དོན་ཆེད་རང་སྲོག་བློས་བཏང་བ།
རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཆེན་མོ་ཀོལ་ཀ་ཏ་རུ་བོད་མི་ན་གཞོན་དོན་གྲུབ་ཕུན་ཚོགས་ལགས་ཀྱིས་བོད་དོན་ཆེད་རང་སྲོག་བློས་བཏང་བ།
-
2012-04-08 -
-
-
༄༅༎རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཆེན་མོ་ ཀོལ་ཀ་ཏ་རུ་བོད་མི་ན་གཞོན་དོན་གྲུབ་ཕུན་ཚོགས་ལགས་ཀྱིས། ཕྱི་ཟླ་༤ ཚེས་༢ ཉིན་ཧའོ་ར་ཟམ་ཆེན་ནས་ཆུར་མཆོངས་ནས་བོད་དོན་ཆེད་རང་སྲོག་བློས་བཏང་ཡོད་འདུག།
རང་ལོ་༢༦་ལ་སླེབས་པའི་ན་གཞོན་དོན་གྲུབ་ཕུན་ཚོགས་ཀྱི་སྐུ་ཕུང་བདུན་གཅིག་རྗེས་སུ། རེས་གཟའ་སྤེན་པའི་ཕྱི་དྲོ་ བྷ་ཇ་ ཀ་དྷམ་ཏ་ལ་ ཞེས་པའི་ཆུ་རགས་སུ་རྙེད་ཡོད་པ་དང་། ཁོང་གི་སྐྱེས་མས་ཕུང་པོ་ངོས་འཛིན་ཐུབ་ཡོད་སྐོར་རྒྱ་གར་གྱི་དུས་བབ་སམ་ ཁྲའེམྶེ་ ཨོཕ་ ཨིནྜི་ཡ་ཞེས་པས་གནས་ཚུལ་སྤེལ་འདུག
ཕྱི་ཟླ་བཞི་པའི་ཚེས་གསུམ་ཉིན་ཁོང་གི་ལག་ཁྱེར་ཁ་དཔར་དང་ཡིག་ཆ་ཁག་ཅིག་ཉེན་སྲུང་མི་སྣར་ཟམ་པའི་སྒང་དུ་རྙེད་ཡོད་པ་དང་། ཁོང་གི་ཁ་དཔར་མཐའ་མ་དེ་རང་གི་ནང་མི་མ་ཡིན་པར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགོ་ཁྲིད་ རུ་བྭི་ མུ་ཀརྗི་ ལ་བཏང་ཡོད་འདུག། ཕྱི་ཟླ་གསུམ་པའི་ཚེས་༣༠དང་ཕྱི་ཟླ་བཞི་པའི་ཚེས་གཉིས་བཅས་ལ་ཁ་དཔར་ཐེངས་གཉིས་བཏང་བའི་ནང་དོན་གྲུབ་ཕུན་ཚོགས་ལགས་ཀྱིས་བོད་རང་དབང་གྱི་ཆེད་དུ་ལས་དོན་ཞིག་བྱེད་འདོད་ཆེན་པོ་ཡོད་པ་དང་། ལྷག་པར་དུ་དྷི་ལིར་འཇམ་དབྱངས་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་རྗེས། ཁོང་རང་ཡང་དེ་འདྲ་ཞིག་བྱེད་འདོད་ཆེན་པོ་ཡོད་པའི་སྐོར་བཤད་གནང་ཡོད་འདུག། སྐབས་དེར་ རུ་བྭི་ མུ་ཀ་རྗི་ཡིས་ཁྱེད་རང་གིས་དེ་འདྲ་བྱེད་དགོས་མ་རེད་ཅེས་ལན་འདེབས་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག། བོད་དོན་དོན་གཉེར་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། དོན་གྲུབ་ཕན་ཚོགས་ལགས་དང་ཁ་དཔར་ཐོག་འབྲེལ་གནང་མྱོང་ཡོད། ཁོང་གིས་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་འཚོར་བ་ཆེན་པོ་ཡོད་པའི་རྒྱལ་ཞེན་ཅན་གྱི་གཞོན་སྐྱེས་ཤིག་ཡིན་པའི་སྐོར་གསུངས་གནང་འདུག། ཀོལ་ཀ་ཏར་སློབ་སྦྱོང་གནང་བཞིན་པའི་ན་གཞོན་དོན་གྲུབ་ཕུན་ཚོགས་ལགས་ནི། དུས་རྒྱུན་བོད་དོན་ཆེད་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་དང་། བོད་དོན་ལས་འགུལ་ཁག་ཏུ་དམིགས་བསལ་འཛུལ་ཞུགས་བྱེད་མཁན་ཞིག་ཀྱང་ཡིན་འདུག། ཕྱི་ཟླ་༤ ཚེས་༢ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཁོང་གིས་ལག་འཛིན་ཁ་པར་གྱི་འཕྲིན་ཐུང་བརྒྱུད་ནས་བརྗོད་པར། བོད་པ་ཚོས་རང་ལུས་མེར་བསྲེག་བཏང་བ་ལས། རྒྱ་ནག་གི་གཞུང་ཚབ་ཀྱི་སྒོ་རུ་བོད་རང་བཙན་ཞེས་བྲིས་ན་གཟི་བརྗིད་ཆེ་བ་ཡོད་ཚུལ་བརྗོད་ཡོད་འདུག་པ་དང་། དེའི་རྗེས་སུ་ང་ཉིད་གཅིག་པུར་ཐག་རིང་ཞིག་ལ་འགྲོ་རྒྱུ་ཡིན་ཚུལ་སོགས་ཀྱང་བརྗོད་ཡོད་པ་བོད་ཀྱི་བང་ཆེན་གྱིས་ལུང་འདྲེན་བྱས་འདུག།