རྒྱ་གར་དང་པ་ཀིསྟན་དམག་དཔུང་བར་མེ་འཕེན་བྱས་པ།

རྒྱ་གར་དང་པ་ཀིསྟན་དམག་དཔུང་བར་ས་མཚམས་ཐོག་མེ་འཕེན་བྱས་ཡོད་པའི་གནས་ཚུལ།

༄༅༎ད་རིང་རེས་གཟའ་ཉི་མའི་ཉིན་རྒྱ་གར་དང་པ་ཀིསྟན་དམག་དཔུང་བར་ས་མཚམས་ཐོག་མེ་འཕེན་བྱས་ཡོད་པའི་སྐོར་རྒྱ་གར་གྱི་དམག་དོན་མགྲིན་ཚབ་པ་ཞིག་གིས་གསུང་ཡོད་པ་དང༌། མེ་འཕེན་གྱི་དོན་རྐྱེན་དེ་ནི། རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་ས་མཚམས་དམག་མི་མྱུལ་ཞིབ་ཏུ་བསྐྱོད་པའི་སྐབས་པ་ཀིསྟན་གྱི་ས་མཚམས་དམག་མིས་མེ་འཕེན་གྱིས་རྒྱ་གར་གྱི་དམག་མི་ཞིག་བསད་པའི་རྗེས་སུ་བྱུང་བ་ཡིན་པ་རེད།

དེ་ཡང་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀཤ་མིར་ས་ཁུལ་དེ་ནི་རྒྱ་གར་དང་པ་ཀིསྟན་བར་ལ་བདག་དབང་གི་རྩོད་གཞི་ཡོད་པ་ཞིག་ཡིན་ཞིང༌། དེ་རིང་སྔ་དྲོ་རྒྱ་གར་གྱི་ཀཤ་མིར་ས་ཁུལ་དེའི་དབྱར་ཁའི་རྒྱལ་ས་བྱེད་ཡུལ་ཇ་མུ་ནས་ཀི་ལོ་མི་ཊར་༣༠འི་མཚམས་སུ་ཡོད་པའི་ས་མཚམས་ཐོག་རྒྱ་གར་དང་པ་ཀིསྟན་གྱི་ས་མཚམས་སྲུང་སྐྱོབ་དམག་དཔུང་དབར་ལ་ཚོུད་ཕྱེད་ཀའི་རིང་མེ་འཕེན་བྱེད་རེས་བྱས་ཡོད་ཅིང༌། རྒྱ་གར་དང་པ་ཀིསྟན་དབར་ལ་༢༠༠༣ ལོར་མེ་འཕེན་མཚམས་འཇོག་བྱས་ཡོད་ཀྱང༌། རྩོད་གཞི་ཅན་གྱི་ས་མཚམས་ཐོག་ལ་ཕྱོགས་གཉིས་ཀྱི་དམག་མི་དབར་མེ་འཕེན་ཆུང་ཚགས་རིགས་ཕལ་ཆེ་ཟླ་རེར་ཡོང་གི་ཡོད་ཅིང༌། ན་ནིང་ཕྱི་ཟླ་ལྔ་པ་ནས་ད་བར་པ་ཀིསྟན་གྱི་དམག་མིས། རྒྱ་གར་གྱི་དམག་མི་བསད་པའི་གནས་ཚུལ་གཅིག་ཀྱང་བྱུང་མེད་པ་རེད། འོན་ཀྱང་རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་ས་མཚམས་དམག་མི་འཆར་ཅན་གྱི་མྱུལ་ཞིབ་ཀྱི་ལས་དོན་ལ་བསྐྱོད་པའི་སྐབས་པ་ཀིསྟན་གྱི་དམག་མིས་མེ་འཕེན་གྱིས་རྒྱ་གར་གྱི་དམག་མི་ཞིག་མེ་མདས་ཚབས་ཆེ་རྨས་སྐྱོན་བཟོས་ཡོད་པར་བརྟེན། རེས་གཟའ་སྤེན་པའི་ཕྱི་དྲོ་སྨན ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད། རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་དམག་མིའི་མགྲིན་ཚབ་པས། དེ་རིང་སྔ་དྲོའི་ས་གནས་ཀྱི་དུས་ཚོད་༨་དང་སྐར་ཆ་ལྔའི་ཐོག་ཕྱོགས་གཉིས་པོའི་དམག་དཔུང་བར་ཨུ་མ་ཝ་ལི་ས་མཚམས་ཐོག་མེ་འཕེན་བྱས་ལུགས་དང༌། དེ་ཡང་ཚོུད་ཕྱེད་ཀ་རིང་བྱས་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org