པ་ཀི་སི་ཐན་སྲིད་འཛིན་དགོངས་ཞུས་རྗེས་རྒྱ་གར་སེམས་འཚབ།
པ་ཀི་སི་ཐན་གྱི་སྲིད་འཛིན་དགོངས་ཞུ་གནང་དགོས་བྱུང་བའི་གནད་དོན་འདི་རྒྱ་གར་གྱི་ངོས་ནས་སེམས་འཚབ་བྱ་ཡུལ་ཞིག་ཆགས་ཡོད་པ་ རེད་
-
2008-08-19 -
-
-
༄༅༎པ་ཀི་སི་ཐན་གྱི་སྲིད་འཛིན་ པར་ལྦེཛ་མུ་ཤ་རཕ་ རྒྱལ་ཁབ་ཀྱི་སྲིད་འཛིན་ནས་དགོངས་ཞུ་གནང་དགོས་བྱུང་བའི་གནད་དོན་འདི་རྒྱ་གར་གྱི་ངོས་ནས་སེམས་འཚབ་བྱ་ཡུལ་ཞིག་ཆགས་ཡོད་པ་དང་ ད་ཆ་མུ་ཤ་རཕ་གྱི་ཚབ་ཏུ་སུ་སླེབས་མིན་གནས་ཚུལ་གསལ་ཁ་གང་ཡང་མེད་པ་རེད་
སྲིད་འཛིན་མུ་ཤ་རཕ་གྱིས་འདས་པའི་ལོ་དགུའི་རིང་ པ་ཀི་སི་ཐན་གྱི་སྲིད་དབང་བཟུང་བ་དེའི་རིང་ རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ མུ་ཤ་རཕ་ལ་སྐྱོན་བརྗོད་དང་ ཁོང་ནི་ཡིད་ཆེས་མི་ཐུབ་པའི་མི་ཞིག་ཡིན་པ་སོགས་ཀྱི་གནས་ཚུལ་དང་བསམ་ཚུལ་སྣ་ཚོགས་ཤིག་བྲིས་བཀོད་བྱས་ཡོད་ལ་ མུ་ཤ་རཕ་ནི་ ཕྱི་ལོ་ ༡༩༩༩ ལོར་ རྒྱ་གར་དང་པ་ཀི་སི་ཐན་དབར་ཀ་ཤི་མིར་གྱི་གནད་དོན་ཐད་ ཀར་གིལ་གྱི་དམག་འཐབ་སློང་མཁན་དེ་ཡིན་པར་ཡང་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ སྐབས་དེ་དུས་ མུ་ཤ་རཕ་ནི་པ་ཀི་སི་ཐན་གྱི་དམག་སྤྱི་ཡིན་ཞིང་ དེ་རྗེས་མུ་ཤ་རཕ་གྱིས་ ན་ལྦཛ་ཤ་རིཕ་གནས་དབྱུངས་བཏང་སྟེ་ སྲིད་དབང་བཟུང་པའི་སྐབས་ རྒྱ་གར་གྱི་ངོས་ནས་ མུ་ཤ་རཕ་པ་ཀི་སི་ཐན་གྱི་འགོ་འཁྲིད་དུ་ངོས་འཛིན་ཡང་ལས་སླ་པོར་བྱས་མེད་པ་རེད་
འོན་ཀྱང་ད་ཆ་མུ་ཤ་རཕ་གློ་བུར་དུ་སྲིད་དབང་ནས་དགོངས་ཞུ་བྱས་པ་དེར་ཡང་ རྒྱ་གར་གྱི་ངོས་ནས་དགའ་བསུ་ཞུ་མ་བདེ་བ་ཞིག་ཆགས་ཡོད་པ་ རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ ཨ་ཤོག་མེ་ཐས་གསུངས་འདུག ཁོང་གིས་ རྒྱ་གར་གྱི་ངོས་ནས་ མུ་ཤ་རཕ་དམག་སྤྱི་དང་ རྒྱལ་ཁབ་ཀྱི་དབུ་འཁྲིད་ཞིག་སྟེ་ ཆབ་སྲིད་དབང་ཆའི་ལྟེ་གནས་དེ་དག་འབྲེལ་གཏུགས་བྱ་རྒྱུར་གོམས་ཡོད་སྟབས་ ད་ཆ་དབང་ཚད་དེ་ལྟར་ཡོད་པ་ཞིག་སུ་སླེབས་མིན་ཚོད་དཔག་མི་ཐུབ་པ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་འདུག
འདས་པའི་ལོ་དགུའི་ནང་ རིམ་པས་རྒྱ་གར་གཞུང་གིས་མུ་ཤ་རཕ་དང་འབྲེལ་ལམ་བཟང་དུ་བཏང་པ་མ་ཟད་ ཕྱི་ལོ་ ༢༠༠༤ ལོར་ཡུལ་གྲུ་གཉིས་དབར་མེ་འཕེན་མཚམས་འཇོག་དང་ ཞི་མོལ་བྱ་རྒྱུའི་ཆིངས་ཡིག་ཅེག་ཀྱང་བཞག་སྟེ་ ཡུལ་གྲུ་གཉིས་ཀའི་ངོས་ནས་ཆིངས་དོན་དེར་ད་ལྟ་ཡང་བརྩི་འཇོག་བྱེད་བཞིན་ཡོད་པ་རེད།