འབར་མའི་འོས་བསྡུའི་རྒྱལ་ཁར་རྒྱ་གར་གྱིས་བསྔགས་བརྗོད་།

རྒྱ་གར་གཞུང་གིས་འབར་མའི་དམངས་གཙོའི་དབུ་ཁྲིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེར་བསྔགས་བརྗོད་ཀྱི་འཚམས་འདྲི་གནང་ཡོད་པ་རེད།

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་གར་གཞུང་གིས། འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་ལ་ལོ་རྒྱུས་ལྡན་པའི་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེར་བསྔགས་བརྗོད་ཀྱི་འཚམས་འདྲི་གནང་ཡོད་པ་རེད།
རྒྱ་གར་ནི་དེ་སྔ་ཕྱི་ལོ་༡༩༩༠གོ་གྲངས་ནང་བདེ་འཇགས་དང་ནུས་ཤུགས་ཀྱི་གནད་དོན་ཐོག་ནས་འབར་མའི་དྲག་པོའི་གཞུང་དང་འབྲེལ་བ་བཙུགས་ཏེ། འབར་མའི་ནང་རྒྱ་ནག་གི་ཐབས་ཇུས་ཀྱི་ཤུགས་རྐྱེན་འཕེལ་བཞིན་པ་འགོག་ཐབས་གནང་ཡོད་ཅིང༌། འོན་ཀྱང་སྐབས་དེའི་རྒྱ་གར་དང་འབར་མའི་འབྲེལ་ལམ་དེའི་ཐད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱས་པ་མ་ཟད། དེའི་ནང་ནས་ཨ་མི་རི་ཀས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད། འོན་ཀྱང་ད་ཆ་རྒྱ་གར་གྱིས། ཉེ་བའི་ཆར་གྱི་འབར་མའི་བཅོས་བསྒྱུར་དང༌། རེས་གཟའ་ཉི་མའི་ཉིན་འབར་མའི་གྲོས་ཚོགས་ཀྱི་འོས་བསྡུའི་ལས་དོན་དེ་དག་ནི། འབར་མའི་ཐོག་དཔལ་འབྱོར་དང་ཕྱི་འབྲེལ་སོགས་འབྲེལ་ལམ་སོགས་བཅད་དེ་ཉེས་ཆད་བཏང་བ་ལས་ཕྱི་འབྲེལ་གྱི་འབྲེལ་ལམ་སྲིད་ཇུས་རྒྱུན་འཁྱོངས་བྱས་པ་དེ་ཡིས་འབར་མ་བསྒྱུར་བཅོས་ཐེབས་ཐབས་ལ་གྲུབ་འབྲས་ཆེ་བ་ཐོབ་ཡོད་པའི་ར་སྤྲོད་བྱེད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། ལྕམ་ཨོང་སན་སུའུ་ཆི་ལ་འཚམས་འདྲི་དང༌། ཁོང་གི་འབར་མའི་རྒྱལ་ཡོངས་དམངས་གཙོ་གནའ་འབྲེལ་ཚོགས་པར་གྲོས་ཚོགས་ཀྱི་འཐུས་མི་༤༤ ནས་༤༠ རྒྱལ་ཁ་ཐོབ་པ་དེ་ཡིས་འབར་མའི་རྒྱལ་ཁབ་དེ་ནི་ཆབ་སྲིད་ཚོགས་པ་འདྲ་མིན་ལྡན་པའི་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་མདུན་བསྐྱོད་བྱེད་པའི་མཚོན་དོན་ཡིན་པ་གསུང་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མཱན་མོ་ཧན་སིང་མཆོག་ཟླ་བ་རྗེས་མའི་ནང་འབར་མར་འཚམས་འདྲིར་ཕེབས་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དང༌། དེ་ནི་འདས་ཟིན་པའི་མི་ལོ་༢༥ རྗེས་ཀྱི་རྒྱ་གར་གྱི་སྲིད་བློན་འབར་མའི་འཚམས་འདྲི་ཐེངས་དང་པོ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org