རྒྱ་གར་ཡུལ་མི་ཚང་མར་ངོ་སྤྲོད་ལག་འཁྱེར་བཟོ་འཆར།
རྒྱ་གར་གཞུང་གིས་ཡུལ་མི་ཚོར་ངོ་སྤྲོད་ལག་འཁྱེར་བཟོ་ཐུབ་པ་གནང་ནས་གཞུང་གི་ཐོབ་ཐང་ཁག་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐབས་གནང་རྒྱུ།
-
2009-11-16 -
-
-
༄༅༎རྒྱ་གར་གཞུང་གིས་ཡུལ་མི་ཚང་མར་ངོ་སྤྲོད་ལག་འཁྱེར་བཟོ་གནང་རྒྱུའི་འཆར་གཞི་ཡོད་པ་རེད། དེ་ཡང་རྒྱ་གར་གཞུང་གིས་ཡུལ་མི་འཐེར་འབུམ་གཅིག་དང་གྲངས་ཆུང་དྲུག་ལ་ངོ་སྤྲོད་ལག་འཁྱེར་བཟོ་ཐུབ་པ་གནང་ནས་གཞུང་གི་ཐོབ་ཐང་ཁག་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐབས་གནང་རྒྱུ་ཡིན་པ་རེད།
འཆར་གཞི་དེ་ཨ་མེ་རི་ཀའི་ནང་གི་སོ་ཤིལ་སེ་ཁྱུ་རི་ཊི་ཞེས་པའི་མི་ངོ་རེ་རེའི་ངོ་སྤྲོད་ཨང་ཀི་དེར་གཞི་བཞག་ནས་དྲ་རྒྱའི་ནང་ཆབ་འབངས་སོ་སོའི་ལོ་རྒྱུས་དང་མཛུབ་ཐེར་དང་དཔར་བཅས་པ་ཚུད་པ་གནང་རྒྱུའི་འཆར་གཞི་ཡོད་པ་རེད། གོང་ཞུས་ཀྱི་ལས་འཆར་དེ་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་ཐད་ཀར་འདེམས་སྒྲུག་གནང་བའི་ཨིན་ཕོ་སིསི་ཞེས་པའི་གློག་རྡུལ་འཕྲུལ་འཁོར་ཁེ་གཉེར་ལས་ཁང་དེ་འགོ་འཛུགས་གནང་མཁན་གྲས་སྐུ་ཞབས་ནན་རྡན་ནི་ལེ་ཀ་ནི་ཡིས་འགན་འཁུར་གནང་རྒྱུ་ཡིན་པ་རེད། སྐུ་ཞབས་ནི་ལེ་ཀ་ནི་ཡིས་ང་ཚོས་རྒྱ་གར་གྱི་མི་སེར་ཚང་མའི་ལོ་རྒྱུས་གློག་རྡུལ་འཕྲུལ་འཁོར་ནང་བཅུག་ཐུབ་པ་བྱེད་ཀྱི་ཡིན་ ང་ཚོས་ཕྱི་ལོ་ཉིས་སྟོང་བཅུ་བཞི་ཚུན་རྒྱ་གར་གྱི་མི་སེར་ས་ཡ་དྲུག་བརྒྱ་སྐོར་ཞིག་ལ་ངོ་སྤྲོད་ལག་འཁྱེར་བཟོ་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུངས་འདུག ཡིན་ནའང་ཁོང་གིས་དཀའ་རྙོག་ཧ་ཅང་གི་ཆེ་བའི་ལས་དོན་དེ་ག་དུས་མཇུག་བསྒྲིལ་ཐུབ་པའི་ཚེས་ཆ་གཏན་འཁེལ་གནང་མེད་པ་རེད། གོང་ཞུས་རྒྱ་གར་བ་རྣམས་ལ་ངོ་སྤྲོད་ལག་འཁྱེར་བཟོ་རྒྱུའི་ལས་འཆར་དེར་རྒྱབ་བསྐྱོར་གནང་མཁན་རྣམས་ཀྱིས་ལས་འཆར་དེས་གཞུང་གི་ལས་ཁུངས་ཁག་གི་ལས་དོན་ཚག་ཚུད་དུ་གཏོང་རྒྱུ་དང་ཤོག་བུའི་ལས་དོན་མང་པོ་ཞིག་མེད་པ་བཟོ་ཐུབ་རྒྱུ་ཡིན་སྐོར་གསུངས་འདུག ཡིན་ནའང་དེར་སྐྱོན་བརྗོད་གནང་མཁན་རྣམས་ཀྱིས་ལས་འཆར་དེ་འགྲུབ་ཐུབ་ཐབས་དཀའ་བའི་ལས་འཆར་ཞིག་དང་དེས་གཞུང་ནང་ལྐོག་ཟ་རུལ་སུངས་དང་མི་སྒེར་ཁག་གིས་གང་བྱུང་བེད་སྤྱོད་བྱེད་པའི་ཉེན་ཁ་ཡོད་སྐོར་གསུངས་འདུག