རྒྱ་གར་ནང་རྒྱལ་སྤྱིའི་ཚོང་གི་ལས་དོན་གཉེར་ཕྱོགས།
རྒྱལ་སྤྱིའི་ཚོང་དོན་ཁེ་གཉེར་ལས་ཁང་ཁག་གིས་ཟ་འབྲུ་དང་ཟས་རིགས་སོགས་རྒྱ་གར་ནང་ཚོང་འགྲེམ་བྱེད་ཆོག་དང་མི་ཆོག་ཐོག་ཐག་གཅོད།
-
2011-11-24 -
-
-
༄༅༎རྒྱལ་སྤྱིའི་ཚོང་དོན་ཁེ་གཉེར་ལས་ཁང་ཁག་གིས་རྒྱུན་ལྡན་མི་མང་གིས་བེད་སྤྱོད་བྱེད་པའི་ཟ་འབྲུ་དང་ཟས་རིགས་སོགས་རྒྱ་གར་ནང་ཚོང་འགྲེམ་བྱེད་ཆོག་པའི་བཀའ་འཁྲོལ་སྤྲོད་དང་མི་སྤྲོད་ཀྱི་ཐད། རྒྱ་གར་གྱི་དབུས་གཞུང་གི་བློན་ཆེན་ལྷན་ཚོགས་ཀྱིས་དེ་རིང་ཐག་གཅོད་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་གར་ནི་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཁར། འདས་པའི་ལོ་ཤས་ནས་བཟུང་ཡུལ་དེའི་དཔལ་འབྱོར་གནས་སྟངས་ཡང་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་བཅས་ཀྱིས་རྐྱེན་པས། ལྦོལ་མཏ་(Wal-Mart)ཞེས་ཨ་རིའི་ཁེ་གཉེར་ལས་ཁང་སོགས་ཕྱི་རྒྱལ་གྱི་ཚོང་ལས་ཚན་པ་མང་པོས་རྒྱ་གར་ནང་ཚོང་གི་ལས་དོན་གཉེར་ཐུབ་པའི་འབད་བརྩོན་བྱེད་པར་བརྟེན། འདས་པའི་ལོ་ཤས་རིང་རྒྱ་གར་གྱི་དཔོན་རིགས་དང་མང་ཚོགས་ཀྱི་ཁྲོད་དུ་གནད་དོན་འདིའི་ཐད་བགྲོ་གླེང་དང་བསམ་བསྡུར་ཤུགས་ཆེན་པོ་བྱུང་བའི་མཐར། ད་རིང་རྒྱ་གར་གཞུང་གིས་ཕྱི་རྒྱལ་གི་ཚོང་ལས་ཚན་པ་ཁག་གིས། རྒྱ་གར་ནང་ཐད་ཀར་ཚོང་གི་ལས་དོན་གཉེར་ཆོག་པའི་བཀའ་འཁྲོལ་སྤྲོད་དང་མི་སྤྲོད་ཀྱི་ཐག་གཅོད་གནང་གི་ཡོད་ཀྱང༌། གལ་སྲིད་བློན་ཆེན་ལྷན་ཚོགས་ཀྱིས་ཆོག་མཆན་སྤྲོད་པ་ཡིན་ནའང། དེར་གྲོས་ཚོགས་ཀྱིས་མོས་མཐུན་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པར་བརྟེན། མཐའ་མའི་ཐག་གཅོད་ཅིག་ཡོང་རྒྱུར་ད་དུང་ལོ་འགའ་ཤས་འགོར་བཟོ་ཡོད་པའི་འགྲེལ་བརྗོད་བྱས་འདུག།