པུ་ཌུ་ཅེ་རི་མངའ་སྡེའི་གྲོས་ཚོགས་འཐུས་མིས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་སཱན་དེཤ་མིཤ་རཱམ་ལགས་སུ་དགའ་བསུ་ཞུས་ཡོད་པ།
བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་སྐུ་ཞབས་སཱན་དེཤ་མིཤ་རཱམ་ལགས་པུ་ཌུ་ཅེ་རི(Puducherry)མངའ་སྡེའི་ནང་འབྱོར་སྐབས་མངའ་སྡེ་གྲོས་ཚོགས་འཐུས་མིས་དགའ་བསུ་ཞུས་ཡོད་པ།
- 2022-01-08
-
-
-
ཉེ་ཆར་རྒྱ་གར་ནང་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་རྒྱ་གར་བ་སྐུ་ཞབས་ Sandesh Meshram དང་བོད་མིང་དུ་བསམ་བསྟན་ཡེ་ཤེས་ལགས་ཞུ་བ་ཁོང་བདུན་ཕྲག་འདིའི་ནང་རྒྱ་གར་གྱི་ Puducherry མངའ་སྡེའི་ནང་འབྱོར་སྐབས། ས་གནས་ཀྱི་འཕགས་བོད་མཛའ་འབྲེལ་ཚོགས་པས་དགའ་བསུ་ཞུས་གནང་ཡོད་པ་དང་།
Puducherry མངའ་སྡེའི་གྲོས་ཚོགས་ཀྱིས་སྐུ་ཞབས་ Sandesh Meshram ལ་དགའ་བསུའི་མཛད་སྒོ་དེར། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Shri. N. Rangaswamy མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Shri R. Selvam དང་མངའ་སྡེའི་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shri S. Selva ganapathy གཙོས་པའི་མི་སྣ་ཁག་ཅིག་ཆེད་ཕེབས་གནང་ཡོད་པ་རེད་འདུག
གོང་ཞུས་ཀྱི་མཛད་སྒོ་དེར་མངའ་སྡེའི་འཕགས་བོད་མཛའ་འབྲེལ་ཚོགས་པའི་མི་སྣ་དང་བོད་རིགས་ཁག་ཅིག་ཀྱང་ཕེབས་ཡོད་པ་མ་ཟད། དེར་སྐུ་ཞབས་ Sandesh Meshram ཡིས་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་ཁག་ཅིག་འགྲེམས་སྤེལ་ཡང་གནང་ཡོད་པ་རེད་འདུག སྐུ་ཞབས་ Sandesh Meshram ཀྱི་ད་ཐེངས་ཀྱི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ Janjagran Cycle Yatra བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེའི་དམིགས་ཡུལ་ནི། རྒྱ་གར་མང་ཚོགས་ནང་བོད་དོན་གོ་རྟོག་དང་བོད་དེ་རྒྱ་ནག་གུང་བྲན་ཏང་གིས་བཙན་བཟུང་བྱས་པའི་ཧ་ཅང་གི་ཡ་ང་བའི་གནས་ཚུལ་ཁག་ཁྱབ་སྤེལ་གནང་རྒྱུ་ཡིན་པ་མ་ཟད། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་རྒྱ་གར་དང་བོད་ཀྱི་ས་མཚམས་ལས་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཤིག་གཏན་ནས་བྱུང་མེད་པའི་གནད་ལུགས་ངོ་སྤྲོད་གནང་གི་ཡོད་པ་རེད་འདུག སྐུ་ཞབས་ Sandesh Meshram གྱི་ད་ཐེངས་ཀྱི་བོད་དོན་ཆེད་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ། སྔ་ལོ་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་འགོ་འཛུགས་གནང་ཡོད་པ་དང་ ༢༠༢༢ ལོའི་ཕྱི་ཟླ་དང་པོའི་ཚེས་ ༡༢ ཉིན་སྦེང་ལོར་གྲོང་ཁྱེར་ནང་མཇུག་བསྒྲིལ་གནང་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡནསྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག