རྒྱ་གར་གྱི་སྲིད་བློན་དེ་གཞོན་སྐྱེས་ཤིག་དགོས་པའི་སྐོར།

རྒྱ་གར་གྱི་ན་གཞོན་ཚོས་ཡུལ་གྱི་སྲིད་བློན་དེ་གཞོན་སྐྱེས་དར་མ་ཞིག་གི་གནང་དགོས་པའི་བསམ་ཚུལ་གསལ་སྟོན་གནང་གི་ཡོད་འདུག

༄༅༎རྒྱ་གར་གྱི་ན་གཞོན་ཚོས་ཡུལ་གྱི་སྲིད་བློན་དེ་གཞོན་སྐྱེས་དར་མ་ཞིག་གི་གནང་དགོས་པའི་བསམ་ཚུལ་གསལ་སྟོན་གནང་གི་ཡོད་འདུག དེ་ཡང་དེང་རྒྱ་གར་ནང་འོས་བསྡུའི་འགྲན་རྩོད་ཀྱི་འཁོར་ཡུག་དང་བསྟུན་རྒྱ་གར་གྱི་ཧིན་རྡུསི་ཏན་ཀྲའེམ་སེ་གསར་ཤོག་གིས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དྲུག་ནང་ལོ་ན་༡༨ནས་༣༥བར་གྱི་གཞོན་སྐྱེས་མི་གྲངས་ཆིག་སྟོང་ཉིས་བརྒྱ་ཙམ་ལ་བསམ་ཤོག་བསྡུ་ལེན་བྱས་པའི་ནང་གཞོན་སྐྱེས་བརྒྱ་ཆ་༧༢ཀྱིས་ཡུལ་གྱི་སྲིད་བློན་གཞོན་སྐྱེས་དར་མ་ཞིག་གིས་གནང་དགོས་ཀྱི་ཡོད་པ་དང་འདིའི་ཁྲོད་གཞོན་སྐྱེས་བརྒྱ་ཆ་༤༢ཀྱིས་ཡུལ་གྱི་སྲིད་བློན་དེ་ལོ་ན་༣༥ནས་༤༥བར་གྱི་མི་རབས་གཞོན་པ་ཞིག་དགོས་ཀྱི་ཡོད་པའི་བསམ་ཚུལ་བཏོན་ཡོད་པ་རེད།

དེ་ཡང་བསམ་ཚུལ་བརྗོད་མཁན་གྱི་གཞོན་སྐྱེས་བརྒྱ་ཆ་༣༨ཀྱིས་རྒྱ་གར་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་ལྕམ་སཱོ་ནི་ཡ་གེན་རྡི་དང་སྲིད་བློན་དམ་པ་རཱ་ཇིལྦ་གེན་རྡི་ཡི་དགུང་ལོ་༣༨ལ་ཕེབས་པའི་སྲས་རཱ་ཧུལ་གེན་རྡི་སྲིད་བློན་གནང་རྒྱུར་མོས་མཐུན་ཆེ་བ་བྱེད་ཀྱི་ཡོད་པའི་བསམ་ཚུལ་བརྗོད་ཡོད་འདུག

རྒྱ་གར་ནང་སྲིད་གཞུང་གསར་འདེམས་ཀྱི་རྒྱལ་ཡོངས་འོས་བསྡུ་དེ་ཟླ་བ་འདིའི་ཕྱི་ཚེས་བཅུ་དྲུག་ནས་འགོ་བཙུགས་ཏེ་ཕྱི་ཟླ་ལྔ་པའི་ཚེས་བཅུ་གསུམ་གྱི་བར་གནང་གི་ཡོད་པ་དང་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་གིས་སྤྱིའི་འཆར་སྲིད་བློན་སུས་གནང་གི་ཡོད་མེད་ཀྱི་འོས་མི་སྔ་ས་མཚན་འདོན་གནང་སྲོལ་མེད་ནའང་ད་རེས་འོས་བསྡུའི་ནང་རྒྱ་གར་གྱི་གཞུང་འཛིན་ཀོང་རེ་སི་ཚོགས་པས་སྲིད་བློན་གྱི་འོས་མི་ད་ལྟའི་སྲིད་བློན་ལས་ཐོག་དགུང་གྲངས་༧༦ལ་ཕེབས་པའི་སྲིད་བློན་མཱན་མོ་ཧན་སིང་མཆོག་ནས་མུ་མཐུད་གནང་རྒྱུའི་མཚན་འདོན་གནང་ཡོད་པ་དང་ཕྱོགས་འགལ་སྦི་ཇེ་པི་རྒྱ་གར་མི་མང་ཚོགས་པས་ཚོགས་པར་འོས་ཐོབ་བྱུང་བ་ཡིན་ན་སྲིད་བློན་དགུང་གྲངས་༨༡ལ་ཕེབས་པའི་ཚོགས་པའི་དབུ་ཁྲིད་ཨེལ་ཀེ་ཨརྡ་ལྦ་ནི་མཆོག་ནས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org