རྒྱ་གར་དང་ཨ་རིའི་ཞི་བའི་རྡུལ་ཕྲན་མཉམ་ལས་ཀྱི་ཆིངས་ཡིག།

རྒྱ་གར་དང་ཨ་མི་རི་ཀའི་དབར་ཞི་བའི་རྡུལ་ཕྲན་མཉམ་ལས་གནང་རྒྱུའི་ཆིངས་ཡིག་དེར་རྒྱ་གར་གཞུང་འཛིན་ཚོགས་པས་དགའ་བསུ་ཞུས་བཞག

༄༅༎རྒྱ་གར་དང་ཨ་མི་རི་ཀའི་དབར་ཞི་བའི་རྡུལ་ཕྲན་མཉམ་ལས་གནང་རྒྱུའི་ཆིངས་ཡིག་དེར་ཁ་ས་ཨ་རིའི་གྲོས་ཚོགས་གོང་མས་མང་མོས་རྒྱབ་སྐྱོར་གནང་བ་དེར་རྒྱ་གར་གཞུང་འཛིན་ཚོགས་པས་དགའ་བསུ་ཞུས་ཐོག་ དེ་ནི་དྲན་རྟེན་དུ་འཇོག་འོས་པའི་རྒྱལ་ཁ་ཞིག་ཡིན་པའི་འགྲེལ་བརྗོད་གནང་བཞག

ཨ་རི་དང་རྒྱ་གར་གཉིས་ཀྱི་དབུ་ཁྲིད་དབར་མོས་མཐུན་བྱུང་བའི་ཆིངས་ཡིག་དེར་ད་ཆ་ཨ་རིའི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་གནང་ཟིན་སྟབས་ཁྲིམས་མཐུན་མཚན་རྟགས་བཀོད་ཆེད་རིང་མིན་ཨ་རིའི་ཕྱི་སྲིང་དྲུང་ཆེ་ལྕམ་ཀོན་ཌོ་ལི་ཛ་རའེསེ་རྒྱ་གར་དུ་ཕེབས་རྒྱུ་ཡིན་འདུག ཨ་རིའི་གྲོས་ཚོགས་གོང་མས་ཁ་ས་མང་མོས་རྒྱབ་སྐྱོར་གནང་བའི་ཆིངས་ཡིག་དེའི་ནང་གསལ་ལྟར་ན་ ཨ་རིའི་ཁེ་གཉེར་ལས་ཁང་ཁག་གིས་ཞི་བའི་རྡུལ་ཕྲན་ལས་གཞིར་མཁོ་བའི་འཕྲུལ་ཆས་དང་ཡོ་ཆས་ ལག་རྩལ་སོགས་ད་ཆ་རྒྱ་གར་ལ་ཚོང་འགྲེམས་བྱེད་ཆོག་པ་དང་ དེའི་ཚབ་ཏུ་རྒྱ་གར་གཞུང་གིས་རྒྱལ་སྤྱིའི་རྡུལ་ཕྲན་བལྟ་ཞིབ་ལས་ཁང་གིས་རྒྱ་གར་གྱི་ཞི་བའི་རྡུལ་ཕྲན་ལས་ཁང་ཁག་ལ་ཐུགས་ཞིབ་གནང་ཆོག་པའི་ཆོག་མཆན་གནང་རྒྱུ་འཁོད་ཡོད་འདུག ཆིངས་ཡིག་དེར་ཨ་རིའི་གྲོས་ཚོགས་འོག་མར་དེ་སྔ་མང་མོས་རྒྱབ་སྐྱོར་གནང་ཟིན་པ་དང་ ཁ་ས་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཡང་ཐོབ་ཡོད་སྟབས་ ད་ཆ་སྲིད་འཛིན་སྦུཤེ་མཆོག་གིས་མཚན་རྟགས་བཀོད་རྗེས་ཆིངས་ཡིག་དེ་བཞིན་ཁྲིམས་ཡིག་ཅིག་ཏུ་འགྱུར་རྒྱུ་ཡིན་པ་རེད་ རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨེམ་ཀེ་ན་ར་ཡན་གྱིས་ད་ཆ་རྒྱ་གར་དེ་བཞིན་རྡུལ་ཕྲན་མཚོན་ཆ་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པར་རྒྱལ་སྤྱིས་ཁས་ལེན་གནང་གི་ཡོད་པ་རེད་ཅེས་གསུང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org