ཨོ་སོ་ཀྲོ་ལི་ཡའི་ནང་རྒྱ་གར་སློབ་ཕྲུག་ཚོས་ངོ་རྒོལ་བྱས་ཡོད་པ།
ཉེ་ལམ་རྒྱ་གར་བ་རྣམས་ལ་ཡུལ་མིས་རྒོལ་བརྡུང་བཏང་བར་རྒྱ་གར་སློབ་ཕྲུག་བརྒྱ་ཕྲག་མང་པོས་ཨོ་སོ་ཀྲོ་ཡའི་གཞུང་ལམ་དུ་ངོ་རྒོལ་གནང་འདུག
-
2009-06-07 -
-
-
༄༅༎ཉེ་ལམ་རྒྱ་གར་བ་རྣམས་ལ་ཡུལ་མིས་རྒོལ་བརྡུང་བཏང་བར་ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་རུ་རྒྱ་གར་སློབ་ཕྲུག་བརྒྱ་ཕྲག་མང་པོས་གཞུང་ལམ་དུ་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་གནང་འདུག
ཉེ་ལམ་ཨོ་སོ་ཀྲོ་ལི་ཡ་ནང་གནས་སྡོད་རྒྱ་གར་བ་རྣམས་ལ་ཨོ་སོ་ཀྲོ་ལི་ཡའི་ཡུལ་མིས་ཉེས་བརྡུང་བཏང་བའི་ཉེར་ལེན་གྱིས་ཡུལ་གྲུ་གཉིས་ཀྱི་ཕྱི་འབྲེལ་ལ་མི་བདེ་བའི་གནས་ཚུལ་བྱུང་ཡོད་ཅིང་རྒྱ་གར་ནང་རྒྱ་གར་བ་རྣམས་ཀྱིས་ཨོ་སོ་ཀྲོ་ལི་ཡ་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་བསྐོར་གནང་ཡོད་པ་རེད། ཨོ་སོ་ཀྲོ་ལི་ཡའི་གཞུང་གིས་རྒྱ་གར་བ་ཚོར་ཡུལ་མིས་རྒོལ་བརྡུང་བཏང་བའི་གནད་དོན་ཐོག་ཞིབ་འཇུག་བྱེད་དགོས་པའི་བཀོད་ཁྱབ་བཏང་ཟིན་ཡོད་ཀྱང་རྒྱ་གར་སློབ་ཕྲུག་ཚོས་རྒྱ་གར་གྱི་རྒྱལ་དར་ལག་ཏུ་ཁྱེར་ཏེ་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་གནང་བ་མ་ཟད་རྒྱ་གར་བ་རྣམས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད། ཟླ་བ་སྔོན་མའི་ནང་མེལ་སྦན་གྲོང་ཁྱེར་དུ་རྒྱ་གར་སློབ་ཕྲུག་ཚོ་འདུ་འཛོམས་བྱེད་སྐབས་ཡུལ་མི་ཁག་ཅིག་གིས་རྒྱ་གར་བ་སློབ་ཕྲུག་ལ་གཅུས་གཟེར་སྒྲིམ་བྱེད་ཅིག་བསྣུན་ཏེ་ཕར་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང་རྒྱ་གར་བ་སློབ་ཕྲུག་༩༣༠༠༠ཙམ་ཨོ་སོ་ཀྲོ་ལི་ཡའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། གོང་ཞུས་དོན་རྐྱེན་ཐད་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཅོག་གིས་ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌི་མཆོག་ལ་ཐུགས་ཚབས་ཡོད་ལུགས་གསུངས་གནང་ཡོད་པ་རེད། བདུན་ཕྲག་སྔོན་མའི་ནང་ཕྱི་སྲིད་བློན་ཆེན་སི་ཀྲི་ཕེན་སི་མིཐ་མཆོག་གིས་ཕྱི་འབྲེལ་སློབ་སྟོན་པ་ཌན་ཁེན་ལུ་ལྦི་སི་མཆོག་ལ་འདས་པའི་ཟླ་གྲངས་བཅོ་བརྒྱད་རིང་རྒྱ་གར་སློབ་ཕྲུག་ཚོར་ཡུལ་མིས་རྒོལ་བརྡུང་བའི་དོན་རྐྱེན་ལ་ཞིབ་འཇུག་བྱེད་དགོས་པ་མ་ཟད་རྒྱ་གར་སློབ་ཕྲུག་ཚོ་དང་ངོ་ཐུག་གིས་བདེ་སྡུག་གསན་ཞིབ་གནང་དགོས་པའི་བཀའ་མངགས་གནང་ཡོད་པ་རེད༎