བོད་རྨར་ཁམས་ཁུལ་འོད་ཟེར་དགོན་པའི་མཁན་པོར་བསུན་བཙིར།

བོད་ཆབ་མདོ་རྨར་ཁམས་རྫོང་ཁུལ་འོད་ཟེར་དགོན་པའི་མཁན་པོ་མཆོག་ལ་རྒྱ་ནག་གཞུང་གིས་ཉེན་རྟོག་པས་མུ་མཐུད་འདྲི་བརྩད་བྱེད་བཞིན་འདུག

༄༅༎བོད་ཀྱི་ཆབ་མདོ་རྨར་ཁམས་རྫོང་ཁུལ་འོད་ཟེར་དགོན་པའི་མཁན་པོ་མཆོག་ལ་རྒྱ་ནག་གཞུང་གིས་ཉེན་རྟོག་པས་མུ་མཐུད་འདྲི་བརྩད་བྱེད་བཞིན་ཡོད་འདུག

སྔ་ལོ་བོད་ཁྱོན་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་བསྟེན་ནས་ལས་འགུལ་འདྲ་མིན་མང་པོ་ཞིག་སྤེལ་ཡོད་པའི་ཁྲོད་ནས་མི་མང་པོ་ཞིག་གི་ཚེ་སྲོག་ཀྱང་ཤོར་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གི་ས་གནས་ཉེན་རྟོག་ལས་ཁུངས་པས་མུ་མཐུད་ནས་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་བ་དང་ལྷག་པར་དུ་དགོན་སྡེ་ཁག་གི་གྲྭ་བཙུན་ཚོའི་ཐོག་ཞིབ་བཤེར་དང་དམ་བསྒྲགས་མུ་མཐུད་ནས་བྱེད་མུས་ཡིན་པ་ལྟར་བོད་ཀྱི་ཆབ་མདོ་མངའ་ཁུལ་གྱི་རྨར་ཁམས་རྫོང་གི་འོད་ཟེར་དགོན་པའི་ནང་སྔ་ལོ་བོད་མི་འདས་གྲོངས་གྱུར་བ་ཚོའི་ཆེད་དགོན་པའི་ནང་བདུན་ཕྲག་གཉིས་ཙམ་རིང་སྨོན་ལམ་གསུངས་འདོན་ཞུས་ནས་ཞབས་རིམ་གྲུབ་པའི་རྐྱེན་གྱིས་སྐབས་དེར་དགོན་པའི་ལས་སྣེ་ཚོར་འདྲི་རྩད་བྱས་ཡོད་ཀྱང་ཉེ་ཆར་སླར་ཡང་དགོན་པའི་མཁན་པོ་མཆོག་ལ་འདྲི་རྩད་དང་བསུན་བཙིར་བཟོས་ཡོད་འདུག

འོད་ཟེར་དགོན་པའི་མཁན་པོའི་མཚན་ལ་ངག་དབང་མཆོག་ལྡན་ཞུ་གི་ཡོད་པ་དང་ཁོང་དགུང་གྲངས་༧༨ལ་ཕེབས་ཀྱི་ཡོད་འདུག དེ་དང་ཕྱོགས་མཚུངས་སྔ་ལོའི་དོན་རྐྱེན་རྗེས་བོད་ཁྱོན་ཡོངས་ལ་དམ་བསྒྲགས་བྱེད་ཀྱི་ཡོད་པ་བཞིན་ཁམས་ཁུལ་དུའང་ཕར་འགྲོ་ཚུར་འོང་ལ་དམ་བསྒྲགས་དང་འགྲུལ་བཞུད་བྱེད་མཁན་ཚོར་འདྲི་བརྩད་བྱེད་པའི་སྐབས་རྒྱ་སྐད་གོ་བརྡ་མི་འཕྲོད་པའི་རྐྱེན་གྱིས་བོད་མི་ཚོར་བསུན་བཙིར་བཟོས་ནས་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཡང་སེ་ཡོང་གི་ཡོད་པའི་སྐོར་མིང་བཏོན་བྱེད་འདོད་མེད་པའི་མི་སྣ་ཞིག་གིས་ངོ་སྤྲོད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org