ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་ཚོགས་འདུ་དེ་ནི་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་རྣམས་ནུས་པ་མཉམ་སྤུངས་ཡོང་ཆེད་ཡིན་ཞེས། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས་གསུངས་པ།
ཟླ་བ་ ༩ ཚེས་ ༡༠ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་ཀྱི་ཐབས་ཇུས་གསར་པ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཚོགས་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ཚོགས་འདུ་དེ་ལྟ་བུ་ཞིག་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་མང་པོ་ཞིག་ཡོད་པ་རྣམས་ཚང་མའི་ལངས་ཕྱོགས་གཅིག་ཡིན་པ་ཤེས་རྟོགས་ཐུབ་གལ་ཆེ་བ་དང་། རྒྱ་ནག་གཞུང་ལ་དམངས་གཙོའི་ལམ་ནས་རྩོད་ལེན་དང་ཕྱོགས་གང་ཅིའི་ཐད་ནུས་པ་མཉམ་སྤུངས་ཀྱི་ཐོག་ཕན་ཚུན་ཚང་མའི་རེ་བ་དང་། ཕན་བདེ་སྒྲུབ་སླད་རྒྱལ་ཁབ་ཕན་ཚུན་བར་གྱི་ཐུན་མོང་གི་གཞི་རྟེན་གཅིག་མཚུངས་ཡིན་པ་སོགས་ཤེས་ཐུབ་རྒྱུའི་ཆེད་ཡིན་པ་གསུངས་བྱུང་།
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་ཐའེ་ཝན་དང་ཧོང་ཀོང་། མཱ་ཡན་མར་སོགས་ནས་གཏམ་བཤད་པ་མི་ ༥ ཕེབས་ཡོད་པ་དང་། ཧོང་ཀོང་དང་ཐའེ་ཝན་ནས་ཕེབས་པའི་ཚོགས་ཆུང་གི་ཚོགས་གཙོ་སང་པུ་ Sang Pu ལགས་ནས། རྒྱ་ནག་གིས་གྲངས་ཉུང་མི་རིགས་རྣམས་ལ་བཙན་གནོན་བྱེད་བཞིན་པའི་གནས་སྟངས་དང། དེ་བཞིན་ཧོང་ཀོང་ནང་དུ་རྒྱ་ནག་གཞུང་གིས་བཙན་གནོན་སོགས་ཀྱི་ཐོག་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གི་མནར་གཅོད་འོག་མྱོང་བཞིན་པའི་མི་རིགས་རྣམས་ནས་ནུས་པ་མཉམ་སྤུངས་ཀྱིས་འཐབ་རྩོད་བྱ་དགོས་པ་གསུངས་སོང་ལ། འདི་ག་གསར་འགོད་པས་ཁོང་ལ་ཚོགས་འདུ་དེ་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པ་རྣམས་ལ་གལ་གནད་ཇི་ཙམ་ཡོད་སྐོར་བཅར་འདྲི་ཞུས་པར་ཁོང་གིས། ཚོགས་འདུ་དེའི་རྒྱུད་ནས་རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་རྣམས་མཉམ་ཞུགས་ཐོག ཁོང་ཚོའི་བསམས་ཚུལ་དང་ལངས་ཕྱོགས་སོགས་བརྗེ་ལེན་བྱས་པའི་ཐོག་ནས། མ་འོངས་དེ་ལས་ལྷག་པའི་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ལ་འཐབ་རྩོད་ཐུབ་རྒྱུ་ཡིན་པ་གསུངས་བྱུང་།
ཚོགས་འདུའི་ཐོག་གཏམ་བཤད་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ། འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ནས། ཁོང་གིས་བྲིས་གནང་བའི་དཔྱད་རྩོམ་བརྗོད་གཞི་བོད་དང་ཐའེ་ཝན་ཀྱི་འབྱུང་འགྱུར་འབྲེལ་ལམ་ནང་ཐུན་མོང་གི་གཞི་རྟེན་འཚོལ་བ་སྒྲོག་སྦྱང་དང་འབྲེལ། བོད་དང་ཐའེ་ཝན་གཉིས་དབར་གྱི་འབྲེལ་ལམ་སོགས་ཀྱི་ཐད་གསུང་བཤད་གནང་བའི་ཁྲོད། ཐུན་མོང་གི་གཞི་རྟེན་གཙོ་བོ་ནི། ཐུན་མོང་གི་གདོང་ལེན་བྱ་རྒྱུའི་ཐད་ཐུན་མོང་གི་བསམ་བློ་བསྐྲུན་རྒྱུ་དེ་ཡིན་ཞིང་། དེ་ཡང་གཙོ་བོ་བོད་དང་ཐའེ་ཝན་གྱི་གཞོན་སྐྱེས་དབར་ཐུན་མོང་གི་བསམ་བློ་བསྐྲུན་རྒྱུ་དང་། གཙོ་བོ་གཞུང་ཕྱོགས་གཉིས་ཀྱི་དབར་ཕན་ཚུན་མགྲོན་འབོད་སོགས་བརྒྱུད་ནས་ཐུན་མོང་གི་གཞི་རྟེན་རྙེད་དེ། རྒྱ་ནག་ལ་མང་གཙོའི་ལམ་ནས་བརྡ་ལན་སྤྲོད་ཐུབ་དགོས་པ་དེ་ཡིན་ཞེས་གསུངས་སོང་།
རྩ་བའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་ཚོགས་འདུ་ནི་དེ་སྔ་ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༨ ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཐེངས་གཉིས་པ་དེ་ཚོགས་ཡོད་པ་དང་། སྐབས་དེར་ཚོགས་འདུའི་ཁྲོད་རྒྱ་ཁབ་མང་པོ་ཞིག་ནས་ཚོགས་བཅར་བ་རྣམས་མཉམ་ཞུགས་གནང་མ་ཐུབ་པར་བརྟེན་ལམ་ལྷོངས་དེ་ཙམ་བྱུང་མེད་ཀྱང་། ཐེངས་དེའི་ཚོགས་འདུ་ཁྲོད་ཨེ་ཤེ་ཡའི་ཁུལ་གྱི་རྒྱལ་ཁབ་བཞི་ནས་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་འདུ་དེ་དང་འབྲེལ་རིང་མིན་སྲིད་བྱུས་ཉམས་ཞིབ་ཁང་ནས་རྒྱལ་ཁབ་ཚོགས་འདུ་དེ་དག་བརྒྱུད་སྙན་ཐོ་ཞིག་འདོན་སྤེལ་གནང་རྒྱུའི་ཐད་འབད་བརྩོན་གནང་རྒྱུ་ཡིན་ཞེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།