བཞུགས་སྒར་དུ་བོད་རིགས་གཞོན་སྐྱེས་༡༠༠སྐོར་ཞིག་ལྷན་འཛོམས་ཀྱིས་མ་འོངས་བོད་དོན་འཐབ་རྩོད་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སོང་།
ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་བཞུགས་སྒར་དུ་འཚོགས་རྒྱུ་ཡིན་པ་དང་། ཐེངས་འདིའི་ཚོགས་ཆེན་ནང་རྒྱལ་ཁབ་༡༦ནས་བོད་རིགས་གཞོན་སྐྱེས་༡༠༠ལྷག་མཉམ་ཞུགས་གནང་གི་ཡོད་འདུག
- 2023-07-17
-
-
-
Your browser doesn’t support HTML5 audio
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཉིན་གྲངས་གསུམ་རིང་། བཞུགས་སྒར་སྒར་རྡ་རམ་ས་ལར་རྒྱལ་ཁབ་འདྲ་མིན་༡༦ ནས་བོད་རིགས་གཞོན་སྐྱེས་༡༠༠ ཙམ་ཞིག་ལྷན་འཛོམས་ཐོག མོ་འོངས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་༼རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན།༽ཞེས་པ་ཞིག་བསྐོང་ཚོགས་ཀྱིས། འདི་ཚེས་༡༨ ཉིན་དངོས་སུ་འགོ་འཛུགས་གནང་གི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཐེངས་འདིའི་ཚོགས་ཆེན་གྱི་དམིགས་ཡུལ་ནི། སྐབས་༡༦ པའི་བཀའ་ཤག་གི་དགོངས་དོན་བཞིན། འཛམ་གླིང་ཁྱོན་ཡོངས་སུ་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག དེ་སྔོན་བཀའ་ཤག་གོང་མས་གོ་སྒྲིག་གནང་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་སྐབས་མཉམ་ཞུགས་གནང་མཁན་ན་གཞོན་ཁག་ཅིག་ཕེབས་འདུག་པའི་ཁྲོད། ཁེ་ན་ཌ་གནས་ཞུགས་ན་གཞོན་ལས་འགུལ་བ་འཆི་མེད་ལྷོ་མོ་ལགས་ནི། ད་ལྟའི་ཆར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་གྱི་འགན་ཁུར་ཞུ་མུས་ཡིན་འདུག་ལ། སྐབས་༡༦ པའི་བཀའ་ཤག་གི་འགོ་འཛུགས་གནང་བའི་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་ཡང་ཡིན་འདུག
ཐེངས་འདི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་བཅར་བའི་ན་གཞོན་ཚོ་ནི་རྒྱ་གར་དང་། ཨ་རི། ཁེ་ན་ཌ། ཨོསི་ཀྲི་ལི་ཡ། ཕྷི་ར་སི། སུད་སི། ཉི་ཧོང་། དབྱིན་ཡུལ་སོགས་ནས་ཕེབས་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་རེར་ནས་གཞོན་སྐྱེས་༢ རེར་མཉམ་ཞུགས་གནང་འདུག
ལྡི་ལིར་མཐོ་སློབ་འགྲིམ་བཞིན་པའི་ན་གཞོན་བསྟན་འཛིན་གཡུ་སྒྲོན་ལགས་ནི། ཆུང་དུས་ནས་རྒྱ་གར་སློབ་གྲྭ་དང་མཐོ་སློབ་ཏུ་བསྐྱོད་ནས་ཚོར་ལོངས་བྱུང་བར་བརྟེན་། འདི་ལྟ་བུའི་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་ནང་མཉམ་ཞུགས་གནང་བར་ཐེངས་དང་པོ་ཡིན་པ་དང་། སོ་སོའི་ལོ་རྒྱུས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་གཟིགས་ཏེ་བཅར་བ་ཞིག་ཡིན་འདུག
ཡང་ཨ་མའི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནས་ཕེབས་པའི་ན་གཞོན་བཀྲ་ཤིས་ལགས་ནི། བཙན་བྱོལ་དུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོ་ཕན་ཚུན་རྒྱུས་ལོན་དང་། འབྲེལ་བ་བཟང་དུ་གཏོང་ཆེད་༼བོད་ཇ་Podcast ༽ཞེས་པའི་དྲ་ཐོག་གླེང་སྟེགས་དེ་གསར་འཛུགས་གནང་མཁན་གྲས་ཤིག་ཡིན་འདུག ཚོགས་འདུ་འདིར་བཅར་ཏེ། འཛམ་གླིང་ས་ཕྱོགས་གང་སར་ནས་ཕེབས་པའི་་བོད་རིགས་གཞོན་སྐྱེས་ཚོ་དང་ལྷན་དུ་བསམ་ཚུལ་བརྗེད་ལེན་བྱེད་རྒྱུ་དང་། ལྷག་དོན་དུ་བོད་རྒྱ་དཀའ་རྙོག་དང་འབྲེལ་བའི་གནད་དོན་ཐོག་རྒྱུས་ལོན་གང་མང་བྱེད་ཐུབ་པའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཐེངས་འདིའི་ཚོགས་ཆེན་ཐོག སྲིད་སྐྱིང་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་སྐབས་༡༦ པའི་ཕུགས་དམིགས་སྐོར་གསུང་བཤད་གནང་རྒྱུ་གཙོས་པའི་འབྲེལ་ཡོད་བོད་མིའི་ལོ་རྒྱུས་སྨྲ་བ་དང་། མཁས་པ། ཆབ་སྲིད་བཙོན་ཟུར། ཉམས་ཞིབ་པ། ལས་འགུལ་བ། གཞུང་གི་གནད་ཡོད་མི་སྣ་སོགས་ཀྱིས། བོད་ཀྱི་བྱུང་རབས་ལོ་རྒྱུས། ཆོས་དང་རིག་གཞུང་། བོད་རྒྱ་རྩོད་རྙོག་དང་མ་འོངས་པའི་ཁ་ཕྱོགས། དེ་བཞིན་མ་འོངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་དང་གོ་བསྡུར་གནང་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།