ཇེཁས་མར་ཁེས་བོད་ཀྱི་རིག་གཞུང་འགྲེམས་སྟོན་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་མཛད་རྣམ་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གནང་རྒྱུ་རེད་འདུག

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཇེཁས་མར་ཁེས་ (Jacques Marchais) བོད་ཀྱི་རིག་གཞུང་འགྲེམས་སྟོན་ཁང་གིས་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ། དེང་རབས་སྤྱི་ཚོགས་ནང་གི་མཐུན་སྒྲིལ་གྱི་འབོད་སྒྲ་" ཞེས་པའི་འགྲེམས་སྟོན་ཞིག་ཟླ་བ་ ༥ ཚེས་ ༡༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧ པར་དབུ་འབྱེད་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག

ཇེཁས་མར་ཁེས་བོད་ཀྱི་རིག་གཞུང་འགྲེམས་སྟོན་ཁང་ནང་གི་སྐུ་པར་ཁག་གཅིག Jacques Marchais Museum of Tibetan Art

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཇེཁས་མར་ཁེས་ (Jacques Marchais) བོད་ཀྱི་རིག་གཞུང་འགྲེམས་སྟོན་ཁང་གིས་ “Global Resonance: Voices for Unity in Contemporary Society” ཞེས་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ། དེང་རབས་སྤྱི་ཚོགས་ནང་གི་མཐུན་སྒྲིལ་གྱི་འབོད་སྒྲ་" ཞེས་པའི་འགྲེམས་སྟོན་ཞིག་ཟླ་བ་ ༥ ཚེས་ ༡༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧ པར་དབུ་འབྱེད་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག

ཇེཁས་མར་ཁེས་བོད་ཀྱི་རིག་གཞུང་འགྲེམས་སྟོན་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བདག་ཉིད་ཆེན་པོ་གན་དྷི་(Mahatma Gandhi) མར་ཊིན་ལུ་ཐར་ཀིང་ (Martin Luther King) ནེལ་སོན་མན་ཌེ་ལ། (Nelson Mandela) མ་དར་ཏེ་རེ་ (Mother Teresa) ས་སོགས་ཞི་བདེ་དང་། སྙིང་རྗེ། དྲང་བདེན་མཚོན་དོན་མི་སྣ་དྲུག་གི་སྐུ་ཚེར་ལེགས་སྐྱེས་དང་ཆེ་བསྟོད་ཞུ་རྒྱུ་ཡིན་འདུག་ལ། འགྲེམས་སྟོན་དེའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་དམིགས་བསལ་གལ་གནད་ཆེན་པོར་ངོས་འཛིན་གནང་རྒྱུ་རེད་འདུག

ཨ་རིར་འཚོག་འཆར་ཡོད་པའི་འགྲེམས་སྟོན་འདིར། དུས་རབས་བཅུ་དྲུག་པ་ནས་བཅོ་བརྒྱད་པའི་བར་བཅས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གི་བྱང་ཆུབ་སེམས་པའི་སྐུ་བརྙན་ཁག་གཅིག་དང་ལྷན། གཏིང་ཟབ་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལྡན་པའི་ཐང་ཀ་རྩ་ཆེན་ཞིག་དང་། དུས་རབས་ཉི་ཤུ་པའི་ནང་༸པཎ་ཆེན་རིན་པོ་ཆེའི་དུས་སྐབས་ཤིག་ལ་བེད་སྤྱོད་གནང་བའི་ཆོ་གའི་ཕྱག་ཆས་བཅུ་གསུམ་བཅས་ཀྱང་འགྲེམས་སྟོན་གནང་རྒྱུ་ཡིན་འདུག་ལ། འགྲེམས་སྟོན་ཁང་འདིས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་དང་མཉམ་འབྲེལ་ཐོག ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ན་ཕྲ་བའི་དུས་སྐབས་དང་། བཙན་བྱོལ་གྱི་མི་ཚེ། དེ་བཞིན་འཛམ་གླིང་སྡིངས་ཆའི་ཐོག་གི་ཤུགས་རྐྱེན། ཐུགས་སྐྱེད་དམ་བཅའ་བཞི་སོགས་ཀྱི་སྐོར་དང་འབྲེལ་༸སྐུའི་མཛད་རྣམ་པར་རིས་འགྲེམས་སྟོན་ཞིག་ཀྱང་གནང་འཆར་འདུག

དེ་འབྲེལ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། དེ་སྔ་ ༢༠༢༤ ནས་འགོ་འཛུགས་ཀྱིས་འགྲེམས་སྟོན་ལས་གཞི་དེའི་ཐད་དྲ་ཐོག་ནས་བསམ་ཚུལ་བརྗེ་ལེན་བྱེད་འགོ་བཙུག་ཡོད་ལ། འདི་ལོའི་ཟླ་ ༢ པའི་ནང་བོད་ཀྱི་འགྲེམས་སྟོན་ཁང་གི་འཐུས་མི་ཁག་གཅིག་བྱང་ཨ་རིར་སྐོར་བསྐྱོད་དང་སྟབས་བསྟུན། འགྲེམས་སྟོན་ཁང་དེར་དངོས་སུ་བཅར་རྒྱུ་བྱུང་བ་ནི། དཀའ་རྙོག་ཆེ་བའི་དུས་སྐབས་འདིར་འཛམ་གླིང་ནང་བྱམས་སྙིང་རྗེ་དང་ཞི་བདེའི་ཐད་ཕྱག་ལས་གནང་མཁན་རྣམས་ཀྱི་སྐོར་འགྲེམས་སྟོན་དེའི་ཐོག་ནུས་པ་མཉམ་སྤུངས་བྱ་རྒྱུའི་གོ་སྐབས་བྱུང་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞི་རྩའི་ཇེཀ་མར་ཤེ་བོད་ཀྱི་རིག་གཞུང་འགྲེམས་སྟོན་ཁང་ནི། རིག་གཞུང་གི་གལ་གནད་ལྡན་པའི་མཆོད་རྫས་རྣམས་ཉར་ཚགས་ཕྱོགས་བསྡུས་ཀྱིས། འཛམ་གླིང་ཡོངས་ཀྱི་མི་མང་ལ་བོད་ཀྱི་སྒྱུ་རྩལ་དང་། རིག་གཞུང་། ལོ་རྒྱུས་བཅས་ཀྱི་སྐོར་གོ་རྟོགས་སྤེལ་ཆེད་་གསར་འཛུགས་གནང་བ་ཞིག་རེད་འདུག་ལ། འགྲེམས་སྟོན་ཁང་གི་ཕྱིའི་བཟོ་དབྱིབས་དེ་ཡང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དང་ལྷག་པར་དུ་ལྷ་སའི་པོ་ཏཱ་ལ་དང་འདྲ་བར་བཟོ་བཀོད་བྱས་ཡོད་འདུག །

གསར་འགོད་པ། རྡོ་རྗེ་སྒྲོལ་མ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org