འཇམ་དབྱངས་བློ་གྲོས་ལཊ་སུ་ལོ་གསུམ་ཁྲིམས་ཐག་བཅད་འདུག
ལོ་སྔོན་མར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་བའི་རྩི་ནང་དགོན་པའི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལ་ལོ་གསུམ་ཁྲིམས་ཐག་བཅད་འདུག
-
2017-07-05 -
-
-
རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ད་བར་ལོ་གཅིག་ལྷག་རིང་གནས་སྟངས་གསལ་པོ་མེད་པའི་རྩི་ནང་དགོན་པའི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་སུ་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་ཧྥ་རན་སིར་ཡོད་པའི་ཁོང་གི་སྤུན་མཆེད་ཆོས་འཕེལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་ལྟར་ན། མདོ་སྨད་རྔ་བ་རྔ་སྟོད་རྩི་ནང་དགོན་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་གི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་དེ་སྔ་ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༥་ཚེས་༡༤་ཉིན། རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒོ་འགྲམ་ནས་གློ་བུར་དུ་རྒྱ་ནག་གི་ཉེན་རྟོག་པས་རྒྱུ་མཚན་སོགས་གསལ་བཤད་གང་ཡང་མེད་པར་འཛིན་བཟུང་བྱས་རྗེས། ད་བར་ལོ་གཅིག་དང་ཟླ་བ་གཉིས་ཙམ་གྱི་རིང་ཁོང་གང་དུ་བཀག་ཉར་བྱས་ཡོད་པ་སོགས་སྟངས་གནས་གསལ་པོ་ཤེས་རྟོགས་མེད་པ་གྱུར་ཡོད་ཅིང་། འོན་ཀྱང་ད་ལྟ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ལོ་༢༠༡༧་ལོའི་ཕྱི་ཟླ་༧་ཚེས་ ༤་ཉིན་རྔ་བ་ཁུལ་ཁྲོ་ཆུ་རྫོང་གི་ཁྲིམས་ཁང་ཞིག་ནས་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ད་ལྟ་དགུང་གྲངས་༣༦་ཙམ་ཡིན་པ་དགེ་འདུན་པ་འཇམ་དབྱངས་བློ་གྲོས་སམ་དྲ་མིང་ལ་ལྷོ་རླུང་ཞུ་བ་ཁོང་གིས་ད་བར་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་བྲིས་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༨ ་ལོའི་ཞི་བའི་ངོ་རྒོལ་གྱི་དོན་རྐྱེན་བྱུང་སྐབས་ཁོང་ལྷ་སར་ཡོད་སྟབས་དེའི་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་བོད་ཕྱི་ཕྱོགས་ལ་བཏང་བའི་ཉེས་པ་ཡོད་ཚུལ་གྱིས་ཁོང་འཛིན་བཟུང་དང་ཁྲིམས་ཐག་བཅད་པ་ཞིག་ཡིན་སྐོར་ཁོང་གི་སྤུན་མཆེད་ཆོས་འཕེལ་ལགས་ཀྱིས་བརྗོད་འདུག
དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་སྔ་ལོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ག་ཡོད་སོགས་གནས་སྟངས་ཤེས་རྟོག་མེད་པར་གྱུར་བའི་རྗེས། ཁོང་གི་ནང་མི་ཉེ་འབྲེལ་དང་། དགོན་པ་བཅས་ནས་སེམས་ཁྲལ་ཆེན་པོས་ས་གནས་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་སོགས་སུ་འདྲི་རྩད་ཐེངས་མང་བྱས་ཀྱང་གནས་ཚུལ་གང་ཡང་རྒྱུས་ལོན་ཐུབ་མེད་པ་རེད་ལ། ད་རེས་ཀྱང་རྒྱ་ནག་གཞུང་གིས་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་ཁོང་གང་དུ་བཙོན་འཇུག་བྱེད་རྒྱུ་ཡིན་མིན་སྐོར་གསང་བ་བྱས་ཡོད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།