ཉི་ཧོང་དུ་རྡུལ་ཕྲན་ནུས་པའི་ཉེན་ཁ་ཆུང་དུ་ཕྱིན་པ།
ཉི་ཧོང་ནང་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲ་འབར་གས་བྱུང་ཀྱང་ད་ཆ་རྡུལ་ཕྲན་གྱི་རྫས་འགྱུར་གྱི་གནོད་འཚེའི་ཉེན་ཁ་ཆུང་དུ་ཕྱིན་ཡོད་པའི་སྐོར།
-
2011-03-18 -
-
-
༄༅༎ཉི་ཧོང་ནང་དུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་བའི་རྗེས། རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲ་འབར་གས་བྱུང་སྟེ། རྡུལ་ཕྲན་གྱི་རྫས་འགྱུར་གྱིས་མིའི་བདེ་ཐང་ལ་གནོད་འཚེ་བཟོ་བའི་ཉེན་ཁ་ཆེན་པོ་བྱུང་ཡོད་ཀྱང༌། ད་ཆ་ཉེན་ཁ་ཆུང་དུ་ཕྱིན་ཡོད་པའི་སྐོར་དེ་རིང་ཉི་ཧོང་ནང་དུ་ཛ་དྲག་གི་རོགས་སྐྱོར་བྱེད་མཁན་ལས་མི་ཚོས་གསུང་ཡོད་པ་རེད།
ཁ་སྔོན་རེས་གཟའ་པ་སངས་ཉིན་ཉི་ཧོང་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་མ་ཐག་རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེ་གཅིག་མཇུག་གཉིས་མཐུད་ཀྱིས་བྱུང་སྟེ། ད་བར་མི་ཤི་བ་དང། རྙེད་སོན་མ་བྱུང་བའི་གྲངས་ཀ་ཆིག་ཁྲི་དྲུག་སྟོང་ཟིན་གྱི་ཡོད་པར་བརྟེན་ནས་ད་རེས་ཀྱི་རང་འབྱུང་གི་གནོད་འཚེ་དེ་ནི་ཉི་ཧོང་གི་ལོ་རྒྱུས་ནང་གོད་ཆགས་ཚབས་ཆེ་ཤོས་བྱུང་བར་ངོས་འཛིན་གནང་གི་ཡོད་པ་རེད། དེ་རིང་རེས་གཟའ་པ་སངས་ཉིན་མོ་དེ་ནི་ས་ཡོམ་གྱི་གནོད་འཚེ་བྱུང་སྟེ། གཟའ་འཁོར་གཅིག་འཁོར་བའི་དུས་ཚོགས་ཡིན་པར་བརྟེན། ཉི་ཧོང་རྒྱལ་ཡོངས་མི་དམངས་ཚོས་གནོད་འཚེ་དེའི་ནང་རྐྱེན་འདས་སུ་ཕྱིན་པ་ཚོར་སྐར་མ་གཅིག་གི་ངག་བཅད་མྱ་ངན་གྱི་དྲན་གསོ་ཞུས་ཡོད་པ་རེད།