འཛམ་གླིང་སྤྱི་ཡོངས་ནས་ཉི་ཧོང་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་དམ་པ་ཁོང་ཉིད་ལ་མྱ་ངན་གུས་འདུད་ཞུ་བཞིན་པ།

འཛམ་གླིང་སྤྱི་ཡོངས་ནས་ཉི་ཧོང་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་དམ་པ་ཁོང་ཉིད་ལ་མྱ་ངན་གུས་འདུད་ཞུ་བཞིན་པ།

འཛམ་གླིང་སྤྱི་ཡོངས་ནས་ཉི་ཧོང་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་དམ་པ་ཁོང་ཉིད་ལ་མྱ་ངན་གུས་འདུད་ཞུ་བཞིན་པ། ཨེ་ཨེཕ་པི།

གཟའ་སྤེན་པའི་ཉིན་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་མཆོག་གི་སྐུ་ཕུང་ཁོང་བཞུགས་ཡུལ་རྒྱལ་ས་Tokyo་རུ་ཚུར་གདན་ཞུས་གནང་ཡོད་པ་དང་། ད་ལྟའི་ལས་ཐོག་སྲིད་བློན་ Fumio Kishida ཛ་དྲག་གིས་གཟའ་པ་སངས་ཉིན་ཕྱིར་Tokyoརུ་ཕེབས་ནས་མྱ་ངན་གུས་འདུད་ཞུས་ཡོད་པ་རེད། གཟའ་ཟླ་བའི་མཚན་མོ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་ཞིག་དང་སྐུ་ཕུང་གཟའ་མིག་དམར་ཉིན་ཞུགས་འབུལ་གནང་རྒྱུ་ཡིན་པ་ས་གནས་ཀྱི་བརྒྱུད་ལམ་ཁག་ནང་ཐོན་འདུག
ཁོང་གི་སྐུ་ཕུང་རང་ཁྱིམ་ནང་ཚུར་གདན་ཞུས་གནང་ཡོད་པ་དང་འབྲེལ་ཡོད་ས་གནས་ཉེན་རྟོགས་པས་ད་ལེན་མི་གསོད་དོན་རྐྱེན་འདི་བྱུང་རྐྱེན་གཅིག་དེ་སྲིད་བློན་ཟུར་པའི་གསུང་བཤད་གནང་སའི་ས་གནས་དེར་སྲུང་བྱ་དོ་དམ་གྱི་ཐད་འཐུས་ཤོར་ཕྱིན་པའི་ངོས་ལེན་གནང་གི་ཡོད་པ་རེད་འདུག
ལྐོག་སྲོག་གཅོད་མཁན་དེ་ནི་ལོ་ན་༤༡ཡིན་པ་ལས་མེད་མི་ཞིག་ཡིན་པ་དང་ཁོང་གིས་སྲིད་བློན་ཟུར་པ་མཆོག་ལ་འཁོན་འཛིན་ཡོད་མཁན་ཞིག་རེད་འདུག
ཉེན་རྟོག་པས་སྐུ་གསོད་ཀྱི་དོན་རྐྱེན་དེའི་བྱུང་རིམ་ཁག་ལ་ཞིབ་འཇུག་གིས་དོགས་ཡོད་ཉེས་ཅན་པའི་དམིགས་ཡུལ་ཅི་ཡིན་ཤེས་རྟོགས་ཐུབ་ཐབས་གནང་གི་ཡོད་པ་རེད། དེ་ཡང་ཉེན་རྟོགས་པས་བརྗོད་དོན་ལྟར་ན་དོ་དམ་བཀག་ཉར་འོག་ཡོད་པའི་ཉེས་ཅན་པ་ Tetsuya Yamagami་ཟེར་བ་ཁོང་གིས་ཆོས་ལུགས་ཀྱི་ཚོགས་པ་ཞིག་གི་རྐྱེན་གྱིས་ཁོང་གི་ཨ་མའི་དཔལ་འབྱོར་གནས་བབས་ཉམ་ཉེས་སུ་བཏང་ནས་ནང་མི་ཁ་ཐོར་ཕྱིན་ཡོད་པར་བརྟེན། སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་མཆོག་ཚོགས་པ་དེ་དང་འབྲེལ་བ་ཡོད་པ་ཡིད་ཆེས་བྱེད་འདུག འོན་ཀྱང་ཉེན་རྟོགས་པས་ཆོས་ལུགས་ཀྱི་ཚོགས་པ་དེ་འདྲ་བ་ཞིག་ཡོད་པ་ངོ་ཐག་ཆོད་མེད་པ་རེད།
འོན་ཀྱང་ཉི་ཧོང་གི་གྲོས་ཚོགས་གོང་མའི་འོས་བསྡུར་དེ་བཞིན་གཟའ་ཉི་མའི་ཉིན་གཏན་འབེབས་གནང་བ་བཞིན་དུས་ཚོད་ལ་འགྱུར་བ་ཕྱིན་མེད་པ་རེད། དེ་བཞིན་གཟའ་ཉི་མིའི་ཉིན་འོས་བསྡུར་དེ་གཞུང་འཛིན་ཚོགས་པར་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་ཚོད་དཔག་དང་གནད་དོན་དབྱེ་ཞིབ་པས་བཤད་ན། སྲིད་བློན་ཟུར་བ་ལྐོག་གསོད་ཀྱི་དོན་རྐྱེན་དེས་ཁོང་གི་གཞུང་འཛིན་གུ་ཡངས་དམངས་གཙོ་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེ་དང་འོས་བླུག་མཁན་ཕོན་ཆེ་པོ་ཡོང་རྒྱུ་ཡིན་པ་བརྗོད་འདུག
ད་རེས་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛུ་ཨ་བྷེ་ལྐོག་བསད་བཏང་བ་དེར་ཉི་ཧོང་གཞུང་དམངས་ཀྱིས་མྱ་ངན་ཞུ་བཞིན་པའི་སྒང་ཡིན་པ་རེད་འདུག
དགུང་གྲངས་༥༠ ཐམ་པར་ཕེབས་པའི་ Natsumi Nima སྐུ་སྐྱེས་མ་ཞིག་གིས་རང་གི་བུ་ལོ་༡༠ སོན་པ་ཞིག་མཉམ་དུ་ཁྲིད་ནས་མེ་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་དུ་སྲིད་བློན་ཨ་བྷེ་བཀྲོངས་སའི་ས་ཆ་དེར་མྱ་ངན་དང་གུས་ཞབས་མཚོན་ཆེད་དུ་མེ་ཏོག་འཆུན་པོ་ཞིག་ཕུལ་གནང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཇོ་བྷཡི་ཌེན་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་ཕུལ་གནང་ཡོད་པ་དང་ཕྱོགས་མཚུངས་སྲིད་བློན་དམ་པ་ཨ་བྷེ་དེ་ཉིད་ཀྱིས་རྒྱ་ནག་གིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའ་མངའ་ཁུལ་གྱི་ནང་དུའང་སྟོབས་ཤུགས་རྒྱ་བསྐྱེད་གནང་བར་Quad ཉི་ཧོང་ཐེ་བའི་མཐུན་ཕྱོགས་ཡུལ་གྲུ་བཞིས་རྒྱ་ནག་གི་བྱ་སྤྱོད་དེར་ངོ་རྒོལ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད། དེར་བརྟེན་ཨ་མེ་རི་ཀ་དང་། རྒྱ་གར། ཨོའསི་ཊརེ་ལི་ཡ། རྒྱ་གར་བཅས་ཀྱིས་ད་རེས་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་མཆོག་གི་སྐུ་སྲོག་བཀྲོངས་པར་མྱ་ངན་གུས་བཏུད་ཞུས་གནང་ཡོད་པ་རེད་འདུག
Quadཞེས་པའི་རྒྱལ་ཁབ་བཞི་མཐུན་གྱི་ཚོགས་པ་དེས་ཟུང་འབྲེལ་སྒྲ་གཏམ་ཞིག་སྤེལ་ཡོད་པའི་ནང་། ང་ཚོས་ཤིན་ཛོ་ཨ་བྷེ་མཆོག་ལ་རྗེས་དྲན་ཆེད་བསྟོད་ཀྱིས་ཐོག་ནས་རྒྱ་གར་ཞི་བདེའི་རྒྱ་མཚོའི་ཁུལ་དུ་ཞི་བདེ་དར་སྤེལ་གཏོང་རྒྱུའི་ནུས་པ་ཡོད་རྒུ་འདོན་རྒྱུ་ཡིན་པ་བརྗོད་འདུག
ཡང་རྒྱ་ནག་གི་དྲ་རྒྱའི་ནང་རྒྱ་ནག་གི་མི་རིགས་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་ཁག་གཅིག་གིས་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་བྷེ་དམ་པ་དེ་ཉིད་རྐྱེན་འདས་སུ་ཕེབས་པར་དགའ་བསུ་ཞུས་པའི་གནས་ཚུལ་བརྙན་དང་བཅས་དྲ་རྒྱའི་ཐོག་སྤེལ་ཡོད་པ་དང་། དེ་བཞིན་དྲ་རྒྱའི་ཐོག་རྒྱ་ནག་གི་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཁག་གཅིག་གིས་དོན་རྐྱེན་དེའི་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་ཡང་རང་ཉིད་ལྐོག་གསོད་གཏོང་སྲིད་པའི་ཞེད་སྣང་སླེབས་ཡོད་ལུགས་སོགས་བསམ་ཚུལ་འདྲ་མིན་བཀོད་ཡོད་འདུག


ཡང་བོད་མིའི་སྒྲིག་འཛུགས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་སྲིད་བློན་ཟུར་པ་དང་སྐུ་ཉིད་ཀྱི་བརྩེ་བའི་བཟའ་ཟླ་ཤིན་ཛོ་ཨ་བྷེ་མཆོག་གློ་བུར་རྐྱེན་ངན་དབང་གིས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་གང་སར་གནས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཀྱིས་གཙོས་ནང་མི་ལྟོས་ཤུལ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག
ཁོང་འདས་གྲོངས་སུ་གྱུར་བ་དེ་འཛམ་གླིང་ནང་གི་བོད་མི་ཡོངས་ཀྱི་གདུང་ཤུགས་དྲག་པོས་ཚོར་ངེས་ཤིང་། ཁོང་གི་རླབས་ཆེ་བའི་མཛད་རྗེས་རྣམས་མི་རབས་མང་པོའི་རིང་གསོན་པོར་གནས་ངེས་རེད་ཅེས་གསུངས་འདུག ཡང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ སྐུ་ཞབས་ཨ་བྷེ་མཆོག་གིས་ཉི་ཧོང་གི་ཁེ་ཕན་དང་འཛམ་གླིང་བདེ་འཇགས་ཆེད་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་ཡོད་པར་བསྔགས་བརྗོད་དང་བཅས། ཁོང་སྐུ་ཚེ་མ་ཟིན་པ་དེ་ནི་བོད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་ཞིག་དང་འཛམ་གླིང་སྟེང་གི་ཆབ་སྲིད་མི་སྣ་རྩེ་ཕུད་ཅིག་མེད་པར་གྱུར་ཡོད་ཅེས་གསུངས་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དམ་པ་ཁོང་གི་སྐུ་ཟླ་གཙོས་ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། དམ་པ་ཁོང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་གྲོགས་པོ་ཞིག་དང་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན། སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ནི་ཉི་ཧོང་ཆབ་སྲིད་ཚོགས་པ་ དབུ་ཁྲིད་ཡིན་པའི་ཆ་ནས་ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་འཛུགས་གནང་བར་ཐུགས་འགན་གཙོ་བཞེས་གནང་ཡོད་པར་བསྔགས་བརྗོད་དང་མྱ་ངན་ཞུས་འདུག
འདི་ལོར་དགུང་གྲངས་༦༧ཡིན་པའི་སྲིད་བློན་ཟུར་བ་ཨ་བྷེ་མཆོག་ཕྱི་ལོ་༢༠༠༦ལོར་ཉི་ཧོང་གི་སྲིད་བློན་དུ་བདམས་ཐོན་བྱུང་བ་ནས། འདས་པའི་ལོ་ངོ་༡༥རིང་ཉི་ཧོང་གི་སྲིད་བློན་ལས་ཁུར་ཞུས་ཏེ། ཉི་ཧོང་ལོ་རྒྱུས་ཁྲོད་སྲིད་བློན་གྱི་ཞབས་ཞུའི་དུས་ཡུན་རིང་ཤོས་ཆགས་ཡོད་པ་རེད།།

གསར་འགོད་པ། བསྟན་འཛིན་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org