བཀའ་ཁྲི་མཆོག་གིས་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད།
བཀའ་ཁྲི་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ག་ཌི་ཤི་ ཤེ་ཊར་དང་མཇལ་འཕྲད་གནང་ཡོད་པ།
-
2012-08-04 -
-
-
༄༅༎སྤྱི་ཟླ་ ༨ ཚེས་ ༤ ཉིན། བཀའ་ཁྲི་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ག་ཌི་ཤི་ ཤེ་ཊར་དང་མཇལ་འཕྲད་གནང་འདུག
སྐབས་དེར་བཀའ་ཁྲི་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ཀྱིས་ད་བར་བོད་མི་བཙན་བྱོལ་བ་རྣམས་ལ་གང་ཅིའི་ཐད་ནས་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞེས་བརྗོད་པ་དང༌། མོན་གྷོ་ཌི་དང་ཀོ་ལེ་གྷལ། སྦེལ་ཀོབ་བཅས་བོད་མིའི་གཞིས་ཆགས་བཅས་ལ། མངའ་སྡེའི་གཞུང་གིས་ལམ་ཁ་བཟོ་ཆེད་རོགས་དངུལ་གནང་རྒྱུའི་ཁས་ལེན་གནང་བ་ལྟར། ཧུན་སུར་བོད་མིའི་གཞིས་ཆགས་སུའང་རོགས་དངུལ་གནང་སྐྱོང་ཡོང་བ་དང༌། ས་ཁང་བདག་དབང་ལག་འཁྱེར་ཡང་བོད་མིའི་གཞིས་ཆགས་ལྔ་ལ་ཁྲིམས་མཐུན་གཅིག་མཚུངས་སུ་གནང་རྒྱུའི་འབོད་སྐུལ་ཡང་ཞུས་ཡོད་འདུག།
ད་དུང༌། བཀའ་ཁྲི་མཆོག་གིས། ཧི་མཱ་ཅལ་མངའ་གཞུང་གིས་བོད་མི་གཉིས་ལ་སྨན་པའི་སློབ་སྦྱོང་ཆེད་ཟུར་བཅད་ཞབས་སྟེགས་གཉིས་གནང་བ་ལྟར། ཀར་ན་ཊ་མངའ་སྡེའི་གཞུང་ནས་ཀྱང༌། བོད་མི་གཉིས་ལ་སྨན་པའི་ཞབས་སྟེགས་ཟུར་བཅད་གནང་རོགས་དགོས་པའི་འབོད་སྐུལ་ཞུས་པ་དང༌། ད་དུང་གཞིས་ཆགས་ཁག་གི་གློག་གི་མཐུན་རྐྱེན་ཡར་རྒྱས་གཏོང་རོགས་ཞུས་པ་ལྟར། བློན་ཆེན་མཆོག་གིས་འཆར་གཞི་མངའ་སྡེ་གཞུང་ལ་འབུལ་དགོས་ཞིང་། འཆར་གཞི་འབྱོར་འཕྲལ་མངའ་གཞུང་གིས་དགོངས་བཞེས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག།