བཀའ་ཁྲི་ཨ་རིའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་གནད་ཡོད་འཐུས་མི་གཉིས་དང་མཇལ་འཕྲད་དང་། ལྷན་བཞུགས་གསར་འགོད་ལྷན་ཚོགས་གནང་ཡོད་འདུག
-
2012-07-19 -
-
-
ཕྱི་ཚེས་༡༨ཉིན་བཀའ་བློན་ཁྲི་པ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་གནད་ཡོད་འཐུས་མི་སྐུ་ཞབས་John McCain མཆོག་དང་ Joe Lieberman མཆོག་མཇལ་འཕྲད་གནང་སྟེ་ བོད་དོན་སྐོར་ལ་བཀའ་མོལ་གནང་ཡོད་པ་དང་། ཐོག་མར་གསར་འགོད་ལྷན་ཚོགས་སྐབས་ Joe Liebermanམཆོག་གིས་བོད་ཀྱི་སྐྱབས་མགོན་ཏ་ལའི་བླ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་མཆོག་ལ་རྩིས་སྤྲོད་མཛད་ཡོད་པར་བརྟེན་ང་ཚོའི་ངོས་ནས་བཀའ་བློན་ཁྲི་པས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་ནག་གཞུང་ནས་བོད་ནང་བོད་མིར་དམ་བསྒྲགས་ཅན་གྱི་སྲིད་བྱུས་འཛིན་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཡིན་ཞེས་གསུང་འདུག བཀའ་བློན་ཁྲི་པ་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཇོན་མེ་ཁན་དང་ ཇོའོ་ ལེ་བར་མིན་རྣམ་གཉིས་དང་མཇལ་འཕྲད་གནང་ཐུབ་པར་དགའ་པོ་བྱུང་། ཁོང་རྣམ་གཉིས་ནི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། དེང་སྐབས་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་ བོད་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་བོད་མི་བཞི་ཅུ་ཞེ་བཞིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་གནས་སྟངས་དེ་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་ཡིན། ང་ཚོས་རང་ལུས་མེར་སྲེག་གཏོང་མཁན་ཚོར་བརྒྱུད་བསྐུལ་ནམ་ཡང་བྱེད་ཀྱི་མེད་ འོན་ཀྱང་རྒྱ་ནག་གཞུང་ནས་བོད་མིར་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་མ་སྤྲད་པར་བརྟེན་ བོད་མི་རྣམས་ཀྱིས་དེ་ལྟར་གནང་བཞིན་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་བྱས་ན། རང་ལུས་མེར་སྲེག་གི་གནས་ཚུལ་དེ་ཡང་རང་བཞིན་གྱིས་མཚམས་ཆད་ཀྱི་རེད་ཅེས་གསུང་འདུག བཀའ་བློན་ཁྲི་པ་མཆོག་དེ་རིང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་Boene མཆོག་དང་འབྲེལ་ཡོད་ལས་ཁུང་ཁག་ཅིག་གི་དཔོན་རིཌ་དང་མཇལ་འཕྲད་གནང་རྒྱུའི་ལས་རིམ་ཡོད་པ་དང་། དེ་བཞིན་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་དགའ་བསུའི་གསོལ་སྟོན་ཞིག་བཤམ་གྱི་ཡོད་འདུག