བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བོད་མིར་གསུང་བཤད།

བཀའ་ཁྲི་མཆོག་གིས་འཇར་མ་ནིར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་ཡོད་པ་རེད།

2011.02.18

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་དེང་སྐབས། འཇར་མ་ནི་དུ་འཚམས་གཟིགས་སུ་ཕེབས་ཡོད་པ་ལྟར་དེར་ཡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་ཡོད་པ་རེད།

བཀའ་བློན་ཁྲི་པ་མཆོག་གིས་ཕྱི་ཟླ་གཉིས་པའི་ཚེས་༡༧ཉིན་རྒྱབ་ཏུ་འཇར་མ་ནིའི་རྒྱལ་ས་སྦར་ལིན་དུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་འདུ་འཛོམས་སར་གསུང་བཤད་གནང་བའི་སྐབས། ཉེ་ཆར་དཀྱིལ་ཤར་ཡུལ་གྲུའི་ནང་གི་ཆབ་སྲིད་བཅོས་བསྒྱུར་གྱི་གནས་བབ་ལུང་འདྲེན་གནང་སྟེ། དེང་སྐབས་འཛམ་གླིང་གི་གནས་སྟངས་འགྱུར་ལྡོག་ཧ་ཅང་གི་མྱུར་པོ་འགྲོ་གི་ཡོད་པ་དང༌། རྒྱ་ནག་ཀྱང་དེ་མུར་དུས་ནམ་ཡང་སྡོད་ཐབས་མེད། དེ་ནི་ཁྲིམས་ལུགས་དང་འགལ་བ་ཡིན་པས་ནམ་ཞིག་རྒྱ་ནག་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཕྱིན་པའི་མཚམས་ལ་བོད་ལ་ངེས་པར་དུ་རང་དབང་ཐོབ་རྒྱུ་རེད་ཅེས་དང༌། འགྱུར་ལྡོག་དེ་དུས་ཚོད་ག་དུས་ཙམ་ཡོང་མིན་ནི་སྔོན་དཔག་བྱེད་དཀའ་བ་ཞིག་ཡིན་ནའང་རྒྱ་ནག་ནང་དུ་འགྱུར་ལྡོག་གི་ཕྱོགས་སུ་མྱུར་པོ་འགྲོ་གི་ཡོད་པ་མཐོང་ཆོས་སུ་གྱུར་ཡོད་པར་བརྟེན། རྒྱ་ནག་མི་དམངས་ཀྱི་རང་དབང་གི་མངོན་འདོད་དེ་མངོན་འགྱུར་ཡོང་བ་ཐག་རིང་པོ་མ་རེད་ཅེས་གསུང་ཡོད་པ་རེད། དེ་རྗེས་མི་དམངས་ཀྱི་ཁྲོད་ནས་འདྲི་བ་ཕུལ་བའི་ནང་བོད་ནང་གི་བོད་མི་གཞོན་སྐྱེས་མི་རབས་གསར་པའི་ནང་བོད་རྒྱལ་ཞེན་གྱི་ལྟ་བ་ཤུགས་ཆེ་རུ་འགྲོ་བའི་སྐོར་ལ་བཀའ་འདྲི་ཞུས་པའི་བཀའ་ལན་དུ། ང་ཚོས་བོད་མི་གཞོན་སྐྱེས་ནང་སྙིང་སྟོབས་ཅན་མང་པོ་མཐོང་རྒྱུ་ཡོད་པ་དེ་ནི། ཁོང་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་སྔགས་བརྗོད་ཞུ་འོས་པ་ཞིག་ཡིན་ཞིང༌། བོད་ནང་མི་ལོ་ལྔ་བཅུའི་རྗེས་སུ་སྐྱེས་པའི་མི་རབས་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་མྱོང་རྩ་བ་ནས་མེད་པ་དང༌། དེ་བས་བོད་ཀྱི་སྤྱི་ཚོགས་རྙིང་པ་རྩ་བ་ནས་མཐོང་མྱོང་མེད་པའི་ཁར། རྒྱ་ནག་ཕྱོགས་ནས་བོད་མི་མི་རབས་དེ་ཚོ་ནི་རྒྱ་ནག་གི་སྐར་ལྔའི་དར་དམར་འོག་འཚར་ལོངས་བྱས་པ་ཤ་སྟག་ཡིན་པ་ཤོད་ཀྱི་ཡོད་ནའང་ཁོང་ཚོའི་སེམས་ཁམས་སུ་བོད་མི་རིགས་ཀྱི་ལར་རྒྱ་ཤུགས་ཆེ་རུ་འགྲོ་བ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་དང༌། རང་མི་རིགས་ཀྱི་རིག་གཞུང་ལ་ཐོངས་ཆེར་བརྩི་བ་ཡིན། དཔེར་ན། ཕྱི་ལོ་༢༠༠༨ལོར་བོད་ཆོལ་ཁ་གསུམ་ནང་ཞི་བའི་རྔམ་སྟོན་ལས་འགུལ་སྤེལ་བའི་སྐབས། ལས་འགུལ་དེའི་ནང་ཞུགས་མཁན་བོད་མི་བརྒྱ་ཆ་༨༠ལྷག་ནི། ལོ་ན་༤༠མན་གྱི་མི་རབས་ཚོ་ཡིན་པ་བརྟེན་ནས་གནས་སྟངས་དེའི་ཐོག་ནས་བོད་མི་གཞོན་སྐྱེས་ཚོའི་སྙིང་སྟོབས་མཚོན་ཐུབ་པ་ཡིན་ཞེས་བཀའ་ལན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎