བཀྲ་ཤིས་ལྗོངས་བཤད་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོ།
ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་བཀྲ་ཤིས་ལྗོངས་བཤད་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་ཕེབས་ཞུགས་གནང་འདུག
-
2009-11-11 -
-
-
༄༅༎བཙན་བྱོལ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་བཀྲ་ཤིས་ལྗོངས་བཤད་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་ཕེབས་ཞུགས་གནང་འདུག
ཁ་ཉིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་དབུ་བོད་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ལྷ་འབབ་དུས་ཆེན་དང་སྟབས་བསྟུན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་དོན་བརྒྱུད་དཔལ་འབྲུག་པའི་ཆོས་སྡེ་ཆེན་པོ་ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་ཁང་དུ་བསླབ་པ་མཐར་སོན་གྱི་མཛད་སྒོ་ཞིག་གནང་ཡོད་པ་དང་མཛད་སྒོའི་ཐོག་༸རྒྱལ་བ་མདོ་ཁམས་པ་ཆེན་པོ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་དང་འབྲུག་པ་ཆོས་མགོན་རིན་པོ་ཆེ། གྲུབ་དབང་རྡོ་རྗེ་རིན་པོ་ཆེ། བོད་གཞུང་ཆོས་རིག་བཀའ་བློན་མཆོག་དེ་བཞིན་མཁན་སྤྲུལ་དགེ་འདུན་པ་ལྔ་བརྒྱ་ལྷག་འདུ་འཛོམས་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་གནས་ཚུལ་སྤེལ་གནང་བཞག
བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་ཐོག་མར་རང་ལུགས་ཀྱི་ཐུ་མོང་མ་ཡིན་པའི་ཞལ་འདོན་གསུང་པ་དང་གྲུབ་དབང་རྡོ་རྫོང་རིན་པོ་ཆེ་མཆོག་གིས་བསྟན་པ་སྤྱི་དང་བྱེ་བྲག་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་བྱུང་རིམ་དང་བཤད་གྲྭའི་དགོས་དམིགས་སྐོར་བཀའ་སློབ་གནང་འདུག དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གཉན་ཕྲང་ཅན་གྱི་དུས་ཚོད་འདི་འདྲའི་སྐབས་ནང་པ་སངས་རྒྱས་པའི་བསྟན་པ་འདི་ཉིད་དར་རྒྱས་ཡུན་གནས་ཐུབ་རྒྱུར་ཚང་མས་འབད་བརྩོན་གནང་དགོས་རྒྱུ་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རིམ་ཕེབས་ཀྱི་དགོས་དོན་ལྟར་ནང་པ་སངས་རྒྱས་པའི་ཆོས་དེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་གནང་གལ་ཆེ་ཚུལ་དང་དེའང་སེར་མོ་བ་ཙམ་མ་ཡིན་པར་ཁྱིམ་པ་མི་ནག་ཁྲོད་ནས་ཀྱང་ཐུགས་སྣང་གནང་གལ་ཆེ་བའི་སྐོར་གསུངས་བཤད་གནང་འདུག གོང་ཞུས་མཛད་སྒོའི་ཐོག་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དཔེ་ཁྲིད་རྒན་བྱམས་པ་ཡོན་ཏན་ལགས་དང་ངག་དབང་བཟང་པོ་ལགས་གཉིས་ལ་མཁན་པོའི་མཚན་གནས་ཀྱི་ཕྱག་ཁྱེར་གནང་བ་དང་སློབ་གཉེར་བ་རྩེ་ཕུད་གསུམ་ལ་སྐྱོར་དཔོན་གྱི་མཚན་གནས་དེ་བཞིན་སློབ་གཉེར་བའི་རྒྱུགས་འབྲས་རྩེར་སོན་རྣམས་ལ་བྱ་དགའ་གསོལ་རས་དང་ཕར་ཕྱིན་འཛིན་གྲྭ་ཐོན་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་གནང་བའི་མཐར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གི་གཙོས་སེར་སྐྱ་ཡོངས་ནས་མཁན་པོ་གསར་པར་མཇལ་དར་སྐྱོན་འབུལ་ཞུས་འདུག།