ཀརྨ་པ་མཆོག་འབྲས་ལྗོངས་ནང་ཞབས་སོར་འཁོད་ཆོག་རྒྱུར་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཞུ་ཡིག་ཕུལ་འདུག

རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་ནང་ཞབས་སོར་འཁོད་གནང་ཡོང་རྒྱུའི་ལས་དོན་སྤེལ་རྒྱུར་འབྲས་ལྗོངས་གཞུང་གིས་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་འདུག

རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག Karmapa/FB

རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་ནང་ཞབས་སོར་འཁོད་གནང་ཡོང་རྒྱུའི་ལས་དོན་སྤེལ་རྒྱུར་འབྲས་ལྗོངས་གཞུང་གིས་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་འདུག
རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པརེམ་སིངྒ་རྟ་མང་(Prem Singh Tamang)་ལགས་ཀྱིས་རྒྱ་གར་གྱི་སྲིད་བློན་ནཱ་རེན་དྷརཱ་མཱོ་དྷི་ (Narendra Modi)་མཆོག་གི་མཚན་ཐོག རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་མགྱོགས་མྱུར་འབྲས་ལྗོངས་ནང་ཞབས་སོར་འཁོད་ཆོག་པའི་བཀའ་ཁྲོལ་ཡོང་བའི་ཞུ་ཡིག་ཞིག ཕྱི་ཟླ་ ༧་ཚེས་༡༨་ཉིན་ཕུལ་ཞིང་། འབྲས་ལྗོངས་གཞུང་གིས་གནད་དོན་འདིའི་ཐད་ལས་དོན་སྤེལ་རྒྱུའི་ཆེད་དགོན་གནས་བློན་ཆེན་བསོད་ནམས་བླ་མ་ལགས་ཀྱིས་དབུ་ཁྲིད་པའི་དམིགས་བསལ་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་འདུག
འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་གྱིས་རྒྱ་གར་གྱི་སྲིད་བློན་ལ་ཕུལ་བའི་ཞུ་ཡིག་དེའི་ནང་འབྲས་ལྗོངས་ནང་གི་དད་ལྡན་མི་མང་ཚོས་རྒྱལ་དབང་ཀརྨ་པ་མཆོག་སྐུ་དངོས་སུ་མཇལ་རྒྱུའི་རེ་འདུན་ཆེན་པོ་ཡོད་པ་དང་། ཁོང་འབྲས་ལྗོངས་སུ་མགྱོགས་མྱུར་ཕེབས་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་པ་འཁོད་ཡོད་ལ། ད་དུང་ཞུ་ཡིག་དེའི་ནང་རྒྱལ་དབང་ཀརྨ་པ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་ཆེན་པོ་བཞི་ཡོད་པའི་ནང་ནས་ཀརྨ་བཀའ་རྒྱུད་པའི་དབུ་ཁྲིད་ཡིན་པ་དང་། ཁོང་ལ་ཕྱི་ལོ་༢༠༠༠་ལོར་རྒྱ་གར་གྱི་སྲིད་བློན་ཟུར་པ་དམ་པ་ཨ་ཏལ་བྷི་ཧཱ་རི་ཝཇི་པ་ཡི་ (Atal Bihari Vajpayee)་མཆོག་གིས་རྒྱ་གར་ནང་བཞུགས་ཆོག་པའི་ཆོག་མཆན་ཕུལ་ཡོད་པ་ཡང་གསལ་བཤད་གནང་འདུག འོན་ཀྱང་སྐབས་དེར་རྒྱ་གར་དབུས་གཞུང་གིས་རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་ནང་ཁུལ་ཕེབས་རྒྱུའི་ཐད་དམ་དྲག་བྱུང་བར་བརྟེན་འབྲས་ལྗོངས་སུ་ཆེད་ཕེབས་ཐུབ་མེད་པ་རེད།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་འབྲས་ལྗོངས་གཞུང་དང་མི་དམངས་ཀྱིས་རྒྱ་གར་གྱི་སྲིད་གཞུང་རིམ་པར་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ནང་འགྲིམ་གྲུལ་གནང་ཆོག་རྒྱུའི་རེ་འདུན་ལན་མང་ཞུས་གནང་གིས་རིམ་པས་ཨ་རུ་ན་ཅལ་མངའ་སྡེ་སོགས་རྒྱ་གར་གྱི་ས་གནས་མང་པོའི་ནང་ཆེད་ཕེབས་ཐུབ་པ་བྱུང་ཡོད་པ་རེད། ལྷག་པར་དུ་ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་གྱི་སྲིད་བློན་ན་རན་དྷརཱ་མོ་དྷི་མཆོག་གིས་དབུ་ཁྲིད་པའི་རྒྱ་གར་གཞུང་གིས་རྒྱལ་དབང་ཀརྨ་པ་མཆོག་གདན་ས་རུམ་བཏེགས་དགོན་ཕུད་པའི་འབྲས་ལྗོངས་ཀྱི་ས་གནས་གང་སར་ཕེབས་ཆོག་པའི་ཆོག་མཆན་ཡང་གནང་ཡོད་པ་རེད།  དེར་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་མཆོག་གིས་རྒྱ་གར་གྱི་སྲིད་བློན་ལ་ཕུལ་བའི་ཞུ་ཡིག་དེའི་ནང་ཁོང་སྒེར་དང་། འབྲས་ལྗོངས་ནང་གི་དད་ལྡན་མི་མང་ནས་བཀྲིན་ཆེ་ཞུ་བ་དང་ཆབས་གཅིག་རིན་པོ་ཆེ་མཆོག་གང་མགྱོགས་འབྲས་ལྗོངས་ནང་ཕེབས་འཐུས་ཆོག་པའི་ཆོག་མཆན་ཡོང་བའི་རེ་སྐུལ་ཞུས་འདུག
འབྲས་ལྗོངས་གཞུང་གིས་རྒྱལ་དབང་ཀརྨ་པ་འབྲས་ལྗོངས་སུ་ཕེབས་རྒྱུའི་ཐད་ལས་དོན་སྤེལ་མཁན་གྱི་དམིགས་བསལ་ཚོགས་ཆུང་གི་འགོ་ཁྲིད་འབྲས་ལྗོངས་དགོན་གནས་བློན་ཆེན་སྐུ་ཞབས་བསོད་ནམས་བླ་མ་ལགས་ཀྱིས། རྒྱལ་དབང་ཀརྨ་པ་མཆོག་ལ་ཡང་མགྱོགས་མྱུར་འབྲས་ལྗོངས་ནང་ཞབས་སོར་འཁོད་རྒྱུའི་གསོལ་འདེབས་ཞུས་པ་ཡིན་ལ། དེ་བཞིན་རིན་པོ་ཆེ་མཆོག་རྒྱ་གར་དུ་ཕེབས་ཆོག་རྒྱུའི་ཆེད་དུ་རྒྱ་གར་དབུས་གཞུང་དང་ལྷན་དུ་གྲོས་བསྡུར་གང་གནང་རྒྱུ་ཡོད་པ་རྣམས་ང་ཚོའི་ངོས་ནས་ཞུ་འཐུས་ཆོག་པ་དང་མངའ་སྡེའི་བློན་ཆེན་མཆོག་གིས་ཆེད་བཙུགས་གནང་པའི་དམིགས་བསལ་ཚོགས་ཆུང་འདིའི་ཐོག་ནས་རྒྱལ་དབང་ཀརྨ་པ་ཕྱི་རྒྱལ་ཡུལ་གྲུ་གང་དུ་ཞུགས་ཡོད་ཀྱང་དེར་ཆེད་བཅར་གྱིས་ཁོང་ལ་འབྲས་ལྗོངས་ནང་ཕེབས་རྒྱུའི་གསོལ་འདེབས་ཞུ་དགོས་པའི་ལམ་སྟོན་བྱུང་བ་གསལ་བཤད་གནང་འདུག་ལ། དེར་བརྟེན་གལ་ཏེ་རྒྱ་གར་གཞུང་ནས་ཆོག་མཆན་ཕུལ་པ་ཡིན་ན་ཁོང་གང་མགྱོགས་འབྲས་ལྗོངས་ནང་ཕེབས་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་བཅས་གསུངས་འདུག
རྒྱལ་དབར་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་ལོ་ ༡༩༩༩ ལོར་བོད་ནས་གསང་སྟབས་ཀྱིས་བྲོས་བྱོལ་དུ་ཕེབས་ནས་ཕྱི་ལོ་ ༢༠༠༠ ལོའི་ཕྱི་ཟླ་ ༡ ཚེས་ ༥ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་བ་དང་། ཕྱི་ལོ་ ༢༠༡༨ལོར་རྒྱལ་དབང་ཀརྨ་པ་མཆོག་ཀ་རེ་སྦི་ཡན་མཚོ་སྒུག་གི་ཡུལ་གྲུ་(Dominican Republic)་རྒྱལ་ཁབ་ཀྱི་མི་སེར་བཞེས་པའི་གནས་ཚུལ་ཐོན་ཡོད་པ་རེད།  ཕྱི་ལོ་༢༠༡༨་ལོའི་ཕྱི་ཟླ་་༧་ཚེས་༣༠་ཉིན་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཆེད་ཕེབས་གནང་རྒྱུ་ཡིན་པ་དང་དེའི་ཐད་རྒྱ་གར་གཞུང་དང་བཀའ་མོལ་གནང་བཞིན་ཡོད་པ་གསུངས་ཡོད་པ་རེད།  ཡིན་ན་ཡང་ད་བར་རྒྱ་གར་དུ་ཕྱིར་ཕེབས་གནང་ཐུབ་མེད་ཅིང་། མུ་འཐུད་ཕྱི་རྒྱལ་དུ་བཞུགས་མུས་ཡིན་པ་རེད།
ད་རེས་འབྲས་ལྗོངས་མངའ་སྡེའི་གཞུང་དམངས་གཉིས་ཀྱི་ངོས་ནས་རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་དང་ལྷག་པར་དུ། འབྲས་ལྗོངས་ནང་གང་མགྱོགས་ཞབས་སོར་འཁོད་ཆོག་རྒྱུའི་ཆེད་རྒྱ་གར་གྱི་སྲིད་བློན་ནཱ་རེན་དྷར་མཱོ་དྷི་མཆོག་གི་མཚན་ཐོག་ཞུ་ཡིག་ཕུལ་བ་དེར་འབྲས་ལྗོངས་སུ་ཡོད་པའི་རྒྱལ་དབང་ཀརྨ་པའི་བྱེས་ཀྱི་གདན་ས་རུམ་བཏེགས་ཀྱི་དགེ་འདུན་འདུས་དམངས་ཡོངས་ནས་ཀྱང་ད་ལན་གྱི་གཞུང་འཛིན་འོག་རིན་པོ་ཆེ་མཆོག་ཏན་ཏན་འབྲས་ལྗོངས་ནང་ཕེབས་ཐུབ་རྒྱུའི་རེ་བ་དང་ཡིད་ཆེད་ཞུ་བཞིན་ཡོད་པ་རུམ་བཏེག་དགོན་པའི་མཁན་པོ་དཀར་རྟེན་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།
རུམ་བཏེགས་དགོན་པ་བཤད་སྒྲུབ་ཆོས་འཁོར་གླིང་དེ་བཞིན། ཕྱི་ལོ་ ༡༩༦༠ ་ལོར་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་འབྱུང་རིག་པའི་རྡོ་རྗེ་མཆོག་ནས་བསྐྱར་བཟོ་གནང་པ་དང་། ཕྱི་ལོ་ ༡༩༩༤ ་ལོ་ནས་ཀརྨ་པའི་ཡང་སྲིད་ཀྱི་གནད་དོན་ཐད་གྱོད་དོན་བྱུང་བ་ནས་བཟུང་རྒྱ་གར་གྱི་ཁྲིམས་དོན་འགྲོ་ལུགས་ལྟར་ཁ་མཆུ་ཐག་མ་ཆོད་པར་གནས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org