ཀརྨ་པ་མཆོག་གིས་ཨ་རིའི་བོད་དོན་འབྲེལ་མཐུད་པར་མཇལ་འཕྲད།
བོད་མི་ཚོས་སོ་སོར་འགྲན་ཟླ་བྲལ་བ་དང་རིན་ཐང་བྲལ་བའི་དབུ་ཁྲིད་ཅིག་ཡོད་པ་དོན་དངོས་ཐོག་ངེས་ཤེས་རྙེད་དགོས་པ་གསུངས།
-
2015-04-17 -
-
-
བོད་མི་ཚོས་སོ་སོར་འགྲན་ཟླ་བྲལ་བ་དང་རིན་ཐང་བྲལ་བའི་དབུ་ཁྲིད་ཅིག་ཡོད་པ་དོན་དངོས་ཐོག་ངེས་ཤེས་རྙེད་དགོས་པ་གསུངས།
དེ་ཡང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ཨ་རིའི་ནང་ཆིབས་བསྒྱུར་གྱིས་མཛད་འཆར་དུ་མ་བསྐྱངས་དང་སྐྱོང་མུས་ཐོག་ཚེས་༡༥ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཞབས་སོར་འཁོད་ནས་མཛད་འཆར་འདྲ་མིན་སྐྱོང་བ་དང་ཉིན་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་Sarah Sevolགཙོས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་མཛད་འདུག ཚེས་༡༦ཉིན་གྱི་སྔ་དྲོ་རྒྱལ་ས་ཝ་ཤིན་ཀྲོན་ནང་རྟེན་གཞི་བྱས་པའི་United States Peace Instituteཞེས་ཞི་བདེའི་ལྟེ་གནས་ཁང་དུ་བགྲོ་གླེང་མཛད་ཡོད་པ་རེད། དེ་བཞིན་ཉིན་དེའི་ཕྱི་དྲོ་རྒྱལ་ས་ཝ་ཤིན་ཀྲོན་གྱི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར། ཀརྨ་པ་རིན་པོ་མཆོག་གིས་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་མི་གཙོ་བོར་གྱུར་བའི་མི་ཚོགས་གསུམ་བརྒྱ་སྐོར་ཞིག་ལ་མཇལ་ཁ་དང་། བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད། ཀརྨ་པ་རིན་པོ་མཆོག་གིས། དུས་ཡུན་ཚོུད་གཅིག་ཙམ་རིང་བོད་མི་རྣམས་ལ་ཆེད་དུ་དམིགས་པའི་བཀའ་སློབ་སྩལ་བའི་ནང་། སྤྱིར་བོད་ནང་དུས་འགྱུར་བྱུང་པའི་རྐྱེན་བོད་ཐོག་གོད་ཆགས་ཆེན་པོ་བྱུང་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་བོད་ནང་སྔར་བྱུང་མྱོང་མེད་པའི་ཆོལ་གསུམ་བོད་མི་ཡོངས་རྗོགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་བསམ་པ་དང་འདུ་ཤེས་ཀྱི་ཚོར་བ་འཕེལ་ཡོད་པ་དང་། བོད་མི་རྣམས་འདི་ལྟ་བུ་གོང་བུ་གཅིག་གྱུར་བྱུང་ཐུབ་པའི་རྒྱུ་མཚན་གཙོ་བོ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དབུ་ཁྲིིད་ལ་བརྟེན་ནས་བྱུང་བ་ཡིན་པ་དང་། དེར་བརྟེན་༧གོང་ས་མཆོག་གིས་སྐུ་ཚེ་རིང་པོར་བོད་བསྟན་སྲིད་ཀྱི་དོན་དུ་མཛད་འཕྲིན་བསྐྱངས་གནང་མཛད་པ་དེས་བོད་མིར་འདི་ལྟ་བུའི་འགྲན་ཟླ་བྲལ་བ་དང་། རིན་ཐང་བྲལ་བའི་དབུ་འཁྲིད་ཅིག་ཡོད་པ་དེ་བོད་མི་ཚང་མས་ཧ་གོ་དོན་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་དྲན་སྐུལ་གནང་ཡོད་པ་རེད། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པ་འབྱུང་ཐབས་བྱ་གལ་ཆེ་བ་དང་། ཕྱིའི་ཡུལ་གྲུ་ཁག་ནང་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་དགོས་པ་མ་ཟད། ལྷག་པར་དུ་ཕྱི་ཕྱོགས་སུ་འཚར་ལོངས་བྱུང་བཞིན་པའི་བོད་རིགས་གཞོན་ནུ་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་སློབ་ཁྲིད་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པ་སོགས་གསུངས་ཡོད་པ་རེད།
ཚེས་༡༧ཉིན་རྒྱལ་སའི་མངའ་ཁུལ་གྱི་མཛད་འཆར་ཁག་ལེགས་པར་འགྲུབ་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།