རྒྱ་གར་དང་པ་ཀི་སི་ཐན་ནང་འཐུང་ཆུའི་དཀའ་ངལ་གྱི་རྒྱུ་རྐྱེན།

ཧི་མ་ལ་ཡའི་གངས་རི་དང་ལྷག་པར་རྒྱ་གར་ས་ཐོག་གི་ཀཤི་མིར་ཁུལ་གྱི་འཁྱགས་རོམ་མགྱོགས་ཚད་ཧ་ཅང་མྱུར་པོའི་ཐོག་ནས་བཞུར་བཞིན།

༄༅༎དགུན་དུས་ཀྱི་གནམ་གཤིས་དྲོད་ཚད་མཐོ་རུ་འགྲོ་བཞིན་པ་དེས་ཧི་མ་ལ་ཡའི་གངས་རི་དང་ལྷག་པར་རྒྱ་གར་ས་ཐོག་གི་ཀཤི་མིར་ཁུལ་གྱི་འཁྱགས་རོམ་མགྱོགས་ཚད་ཧ་ཅང་མྱུར་པོའི་ཐོག་ནས་བཞུར་བཞིན་ཡོད་འདུག་ཅིང་དེས་རྒྱ་གར་དང་པ་ཀི་སི་ཐན་བཅས་ཀྱི་ནང་འཐུང་ཆུའི་དཀའ་ངལ་ཧ་ཅང་ཆེན་པོ་སྤྲོད་སྲིད་ལུགས་ཞིབ་འཇུག་གྲུབ་ཐོ་ཞིག་གི་ནང་གསལ་ཡོད་འདུག

ཀཤི་མིར་མངའ་སྡེའི་དབྱར་དུས་ཀྱི་རྒྱལ་ས་སི་རི་ན་གར་ནང་གཟའ་ཟླ་བ་ནས་ཚུགས་པའི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་རྒྱལ་སྤྱིའི་ཟབ་སྦྱོངས་འདུ་ཚོགས་དེའི་སྐབས་ཞིབ་འཇུག་གི་གྲུབ་ཐོ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དེའི་ནང་ཀཤི་མིར་ཁུལ་གྱི་འཁྱགས་རོམ་གངས་རི་ཆེ་ཤོས་ཀོ་ལ་ཧོཡི་ཞེས་པ་དེའི་འཁྱགས་རོམ་འདས་པའི་ལོ་སུམ་ཅུའི་ནང་ཀི་ལོ་མི་ཊར་གྲུ་བཞི་མ་གཉིས་དང་གྲངས་ཆུང་དྲུག་བཅུ་རེ་གསུམ་ཙམ་བཞུར་ཟིམ་པ་གསལ་ཡོད་པ་རེད།

གཞི་རྐང་ཧི་མ་ལ་ཡའི་གངས་དང་འཁྱགས་རོམ་ནི་བོད་ནས་འགོ་བཙུགས་སྟེ་རྒྱ་ནག་དང་རྒྱ་གར་ པ་ཀི་སི་ཐན་ སྦང་ལ་རྡེཤ་ འབར་མ་སོགས་ཀྱི་ནང་རྒྱུགས་པའི་གཙང་ཆུ་ཆེན་པོ་དགུའི་ཆུའི་འབྱུང་ཁུངས་ཡིན་ཞིང་བོད་ཀྱི་ས་མཐོའི་སྟེང་གི་འཁྱགས་རོམ་མགྱོགས་ཚད་ཧ་ཅང་མྱུར་པོའི་ཐོག་ནས་བཞུར་བཞིན་པ་ལྟར་ཀོ་ལ་ཧོཡི་འཁྱགས་རོམ་ཀྱང་ལོ་ལྟར་ཀི་ལོ་མི་ཊར་གྲུ་བཞི་མ་གཅིག་མིན་ཙམ་གྱི་མགྱོགས་ཚད་ཐོག་ནས་བཞུར་བཞིན་ཡོད་འདུག་ཅིང་འདི་དག་གི་རྐྱེན་ནི་གཙོ་བོ་དགུན་དུས་ཀྱི་གནམ་གཤིས་དྲོད་ཚད་ཆེ་རུ་འགྲོ་བཞིན་པ་དེ་ཡིན་པ་ཀཤི་མིར་མཐོ་རིམ་སློབ་གྲྭ་ཆེན་མོའི་ས་ཁམས་རིག་པའི་སློབ་དཔོན་གྱི་ཕྱག་རོགས་ཤ་ཀིལ་རམ་སོས་གནང་པའི་ཞིབ་འཇུག་གི་གྲུབ་ཐོའི་ནང་གསལ་ཡོད་འདུག

རྒྱ་གར་བྱང་ཕྱོགས་ཀཤི་མིར་གྱི་ས་ཁུལ་དེ་ནི་མཛེས་སྡུག་ལྡན་པའི་ས་གནས་ཤིང་ཡིན་ཞིང་ཡོངས་གྲགས་སུ་ཤར་ཕྱོགས་ཀྱི་སུད་ཛར་ལེནཌ་ཞེས་འབོད་ཀྱི་ཡོད་པ་རེད། འོན་ཀྱང་དགུན་དུས་གངས་འབབ་ཚད་དམའ་རུ་ཕྱིན་པ་དང་སྐབས་རེ་གངས་མཐུག་པོ་འབབ་ཀྱང་གཞི་རྩའི་གནམ་གཤིས་དྲོ་རུ་ཕྱིན་སྟབས་ས་སྟེང་དུ་འབབ་པའི་གངས་འཁྱག་པའི་ངོ་བོར་འགྱུར་མ་ཐུབ་སྟབས་བཞུར་ཚད་མགྱོགས་ཏུ་འགྲོ་གི་ཡོད་འདུག ཀཤི་མིར་ཁུལ་གྱི་འཁྱགས་རོམ་བཞུར་ཚད་ཆེ་དྲག་པའི་རྐྱེན་གྱིས་གཙོ་བོ་པ་ཀི་སི་ཐན་ནང་གི་གཙང་ཆུའི་ཚད་གཞིར་ཤུགས་རྐྱེན་ཆེན་པོ་ཡོང་གི་ཡོད་པ་དང་རིམ་པས་གཙང་ཆུ་དེ་དག་ལ་བརྟེན་པའི་འཐུང་ཆུའི་དཀའ་ངལ་ཆེན་པོ་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org