པ་ཀི་སི་ཐན་ཕྱོགས་ནས་དྲག་པོའི་རྒོལ་རྡུང་ཉུང་དུ་ཕྱིན་སྐོར།

རྒྱ་གར་གྱི་ས་ཐོག་ཏུ་དྲག་པོའི་རྒོལ་རྡུང་ཉུང་དུ་ཕྱིན་ཡོད་པ་དེ་ནི་པ་ཀི་སི་ཐན་གཞུང་ཕྱོགས་ནས་ཕྱ་གྲུ་མཉམ་འདེགས་ཀྱི་ཕྱག་ལས་གནང་ལུགས།

༄༅༎རྒྱ་གར་གྱི་བདག་དབང་འོག་ཏུ་ཡོད་པའི་རྩོད་གཞི་ཅན་གྱི་ཀ་ཤི་མིར་མངའ་སྡེའི་བློན་ཆེན་ཨོ་མ་ཨབ་རྡུ་ལའ་ཡིས་ཉེ་བའི་ལོ་ཤས་དེའི་ནང་པ་ཀི་སི་ཐན་ཕྱོགས་ནས་རྒྱ་གར་གྱི་ས་ཐོག་ཏུ་དྲག་པོའི་རྒོལ་རྡུང་ཉུང་དུ་ཕྱིན་ཡོད་པ་དེ་ནི་པ་ཀི་སི་ཐན་གཞུང་ཕྱོགས་ནས་ཕྱ་གྲུ་མཉམ་འདེགས་ཀྱི་ཕྱག་ལས་གནང་བའི་གྲུབ་འབྲས་ཤིག་ཡིན་པ་ངོས་འཛིན་གནང་ཡོད་པ་རེད།

རྒྱ་གར་མངའ་འོག་ཏུ་ཡོད་པའི་ཀ་ཤི་མིར་ས་གནས་དེ་ནི་པ་ཀི་སི་ཐན་བར་དུ་བདག་དབང་གི་རྩོད་གཞི་ཡོད་པའི་ས་ཁུལ་ཞིག་ཡིན་པ་མ་ཟད་ཀ་ཤི་མིར་ཁ་ཆེ་དྲག་འཐབ་ཤོག་ཁག་གིས་ས་གནས་དེ་ནི་རྒྱ་གར་ནས་རང་བཙན་དགོས་པ་དང་ཡང་ན་པ་ཀི་སི་ཐན་དང་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཞེས་རྒྱ་གར་གྱི་ས་ཐོག་ཏུ་དྲག་པོའི་ལས་འགུལ་སྤེལ་ཏེ་མི་ལོ་ཉི་ཤུ་ཕྱིན་པའི་ནང་མི་དམངས་ཁྲི་ལྔ་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པར་བརྟེན་ཕྱི་ལོ་ཉིས་སྟོང་བཞི་ལོར་རྒྱ་གར་དང་པ་ཀི་སི་ཐན་བར་ལ་ཞི་བའི་གྲོས་མོལ་ཐོག་མར་འགོ་བཙུགས་པའི་རྗེས་དྲག་པོའི་རྒོལ་རྡུང་གཏོང་བའི་དོན་རྐྱེན་ཧ་ཅང་གི་ཉུང་དུ་ཕྱིན་ཡོད་པ་རེད། གཟའ་འཁོར་འདིའི་ནང་ཀ་ཤི་མིར་མངའ་སྡེའི་དབྱར་དུས་ཀྱི་རྒྱལ་ས་སི་རི་ན་གར་དུ་བློན་ཆེན་ཨབ་རྡུ་ལའ་ཡིས་ཕེ་རན་སི་གསར་འགོད་པའི་བཅར་དྲི་དང་ལེན་གནང་སྐབས་ངོས་ནས་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འཕེལ་རིམ་དེ་ནི་ཧ་ཅང་གི་སྔགས་བརྗོད་བྱེད་པའི་གནས་ཚུལ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། ད་རེས་ཁོང་གིས་པ་ཀི་སི་ཐན་གྱི་བྱེད་བབ་ཐོག་སྔགས་བརྗོད་གནང་བ་དེ་ནི་རྒྱ་གར་དབུས་གཞུང་གིས་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་ཚབས་ཆེའི་གཏོར་རྒོལ་བཏང་བའི་བྱེད་གཏེ་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་དྲག་སྤྱོད་ཚོགས་པ་ཡིན་པའི་སྐྱོན་བརྗོད་བྱས་ཏེ་པ་ཀི་སི་ཐན་དང་ལྷན་དུ་ཞི་བའི་གྲོས་མོལ་བསྐྱར་གསོ་བྱ་རྒྱུ་མིན་ཞེས་གསུངས་པར་དེར་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org