བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ངའི་མི་ཚེ། ཞེས་པ་དེ་བཞིན་༸གོང་ས་མཆོག་གིས་བཀའ་དགོངས་བཞིན་བརྩམས་པ་ཞིག་ཡིན་པ་ཁོང་ནས་གསུངས་སོང་།
སྐབས་དེར་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་དེ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་བཞིན་ཕྱི་ལོ་ ༢༠༡༡ ལོ་ནས་འགོ་འཛུགས་གནང་བ་ཞིག་ཡིན་པ་ཁོང་ནས་གསུང་གི་འདུག
- 2024-06-07
-
-
-
འདི་ཚེས་༧ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་བརྩམས་གནང་མཛད་པའི་དཔེ་དེབ། ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས། (My Life- Born in Free Tibet, Served in Exile) ཞེས་པ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་དབུས་པའི་དཔེ་མཛོད་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ།བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ་དབུ་བཞུགས་ཐོག་དཔེ་དེབ་དབུ་འབྱེད་གནང་ཡོད་པ་རེད།
སྐབས་དེར་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་དེ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་བཞིན་ཕྱི་ལོ་ ༢༠༡༡ ལོ་ནས་འགོ་འཛུགས་གནང་བ་ཞིག་ཡིན་པ་ཁོང་ནས་གསུང་གི་འདུག
ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ནི་ཐུགས་གཤིས་འཇམ་པོ་དང་བོད་སྤྱི་བའི་ལས་དོན་ལ་ཧུར་བརྩོན་ཆེན་པོ་གནང་མཁན་ཞིག་དང་། ལས་དོན་གང་གནང་བ་དེ་མཐའ་གཉིས་སུ་མ་ལྷུང་པར་གནང་མཁན་ཞིག་ཡིན་པ་དང་། ད་རེས་སྐུ་ངོ་མཆོག་གིས་བརྩམས་པའི་དཔེ་དེབ་དེའི་ནང་དེ་སྔོན་ལས་བྱེད་ཟུར་པ་ཚོས་བརྩམས་པའི་དེབ་ཀྱི་ནང་དོན་དང་མ་མཚུངས་པ་ཡོང་སྲིད་པ་ཞིག་དང་། འདི་ནི་གང་ཟག་སྒེར་བ་ཞིག་གིས་སྐབས་དང་དུས་ཀྱི་གནས་སྟངས་ལ་གཟིགས་ཕྱོགས་སུ་བརྟེན་ནས་ཡོང་བ་ཞིག་ཡིན་པ་ལས། ཆེད་མངགས་དེ་སྔོན་བྲིས་བཞག་པ་ཞིག་ལ་འགལ་ཟླ་བཟོ་རྒྱུའི་ཆེད་དུ་དང་། སྤྱི་ཚོགས་ནང་རྙོག་གླེང་བཟོ་རྒྱུའི་ཆེད་དུ་མིན་པ་དེ། ཚང་མས་མཁྱེན་དགོས་རྒྱུ་གལ་ཆེན་ཡིན་པར་གསུང་གནང་སོང་།
མཐའ་མཇུག་སྲིད་སྐྱོང་མཆོག་གིས། སྐུ་ངོ་བཀའ་ཟུར་མཆོག་ནས་ད་བར་བོད་སྤྱི་བའི་དོན་དུ་ལོ་ངོ་ ༤༠ ལྷག་ཕྱག་ལས་ཧུར་ཐག་གནང་བ་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད་པ་དང་།ལྷག་པར་དུ་མི་རབས་གཞོན་པ་ཚོས་རྒན་རབས་ཚོས་སྐུ་ལས་ག་ཚོད་བསྐྱོན་ཡོད་མེད་དང་། བོད་སྤྱི་བའི་དོན་དུ་བློས་བཏང་ག་ཚོད་གནང་ཡོད་པ་དེ་ཤེས་དགོས་རྒྱུ་གལ་ཆེ་ཡིན་པ་གསུང་གནང་སོང་།
ཡང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས། ང་རང་ཚོས་ཤེས་གསལ་ལྟར་སྐྱེས་པ་བྱེས་པ་ཅན་གྱི་རྒྱབ་ལ་བུད་མེད་ཅིག་ངེས་པར་དུ་ཡོད་གསུངས་པ་ལྟར། སྐུ་ངོ་མཆོག་གིས་བུ་ཕྲུག་དང་སྐུ་ཟླ་དམ་པ་བདེ་སྐྱིད་ལགས་སྐུ་གཟུགས་ཀྱི་གནས་སྟངས་ཞན་པོ་ཡོད་མིན་ལ་མ་ལྟོས་པར། བློས་བཏང་ཧ་ཅང་ཆེན་པོ་གནང་ཡོད་པ་དང་། སྐུ་ངོ་མཆོག་ནས་ཀྱང་བོད་སྤྱི་བའི་དོན་དུ་མི་ལོ་ ༤༠ རིང་སྐུ་ལས་བསྐྱོན་པ་དང་ལྷག་པར་དུ་སྐུ་ངོ་མཆོག་གི་གཟའ་ཟླ་བུ་ཕྲུག་ཚོས་བློས་གཏོང་གནང་པ་རྣམས་རྗེས་སུ་དྲན་པའི་ཐོག་བཀའ་དྲིན་རྗེས་དྲན་ཞུ་བ་དང་། དཔེ་དེབ་དེ་བཞིན་ཨིན་ཡིག་ཐོག་ཕབ་བསྒྱུར་གནང་ཡོད་དུས་མི་རབས་གཞོན་པ་ཚོས་དཔེ་དེབ་དེའི་ནང་དོན་རྒྱུས་ལོན་བྱས་ཏེ་བོད་མིའི་འཐབ་རྩོད་ཐོག་བློ་སྤོབས་བརྙེད་ཐུབ་རྒྱུར་ལེགས་སྐྱེས་སུ་ཆགས་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་པ་གསུང་གནང་སོང་།
སྐབས་དེར་བཀའ་ཟུར་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས། དཔེ་དེབ་དེ་བརྩམས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆའི་ནང་ཕན་ཐོགས་དང་ལྷག་དོན་དུ་མི་རབས་གཞོན་པ་ཚོས་མི་རབས་རྒན་པ་ཚོའི་སྐུ་ལས་བསྐྱོན་པ་རྣམས་ཤེས་ཐུབ་པའི་ཕན་ཐོགས་ཡོང་ཆེད་ཡིན་པ་དང་། དཔེ་དེབ་དེའི་ནང་ཁོང་ནས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་འདྲ་མིན་ནང་ཐུགས་འགན་བཞེས་སྐབས། ༧གོང་ས་མཆོག་ནས་སྐབས་སོ་སོར་སྲིད་བྱུས་ལམ་སྟོན་གང་ཕེབས་པ་རྣམས་བཀོད་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་གི་འདུག
བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཕྱི་ལོ་ ༡༩༦༦ ལོ་ནས་ཁྱོན་མི་ལོ་ ༤༠ ལྷག་བོད་མིའི་སྒྲིག་འཛུགས་ཐོག་ཞབས་ཞུ་བསྒྲུབས་པ་དང་། ཁོང་ནས་ཆོས་རིག་ལྷན་ཁང་། ནང་སྲིད་ལྷན་ཁང་། ཤེས་རིག་ལྷན་ཁང་། ཕྱི་དྲིལ་ལྷན་ཁང་། བདེ་སྲུང་ལྷན་ཁང་དང་འཕྲོད་བསྟེན་ལྷན་ཁང་བཅས་ལྷན་ཁང་ཕལ་ཆེ་བའི་བཀའ་བློན་གནང་ཡོད་པ་མ་ཟད། རྒྱ་གར་གྱི་རྒྱལ་ས་ལྡི་ལི། ཨ་རི་དང་བྷ་ར་སིལ་བཅས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ཞབས་ཞུ་ཡང་རྒྱུན་རིང་པོར་གནང་མྱོང་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།