རྒྱ་སྒོར་ཁྲི་ཉི་ཤུ་རེ་མ་སྤྲད་ཚེ་བྱིས་བ་ཕྱིར་ཡོང་མེད།
མཚོ་སྔོན་མཚོ་ལྷོ་རྩི་གོར་ཐང་རྫོང་གི་སློབ་ཕྲུག་ལྔ་གློ་བུར་མི་ཁག་གཅིག་གིས་བཙན་ཁྲིད་བྱས་ཐོག་ཕ་མར་ཁ་པར་བཏང་ནས་བྱིས་བ་རེར་རྒྱ་སྒོར་ཁྲི་ཉི་ཤུ་རེ་མ་སྤྲད་ན་ཕྱིར་ཡོང་མེད་པའི་ཉེན་བརྡ་བཏང་འདུག
-
2012-09-12 -
-
-
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་འདིའི་ཚེས་༡༠ཉིན་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་རྩི་གོར་ཐང་རྫོང་གི་སློབ་གྲྭའི་འགྲམ་གྱི་སྤྱི་གླིང་ལ་རྐུན་མའམ་ཇག་པ་མི་འགའ་ཡོང་ནས་འབྲོང་ཐུ་དམེ་གླིང་སྡེ་བའི་བྱིས་པ་གསུམ་དང་། གཞན་གྱི་བྱིས་པ་གཉིས་བཅས་བསྡོམས་པས་བྱིས་པ་ལྔ་བཙན་ཁྲིད་བྱས་ཡོད་པ་དང་། རྗེས་སུ་ཁོང་ཚོའི་ཁྲོད་ཀྱི་བྱིས་བ་ཞིག་བརྒྱུད་ཕ་མར་ཁ་པར་བཏང་བའི་ནང་བྱིས་བ་རེར་རྒྱ་སྒོར་ཁྲི་ཉི་ཤུ་རེ་མ་སྤྲད་ན་ཕྱིར་ཡོང་མེད་པའི་ཉེན་བརྡ་བཏང་འདུག སྐབས་དེར་དངོས་སུ་མཐོང་མཁན་ནས་བཤད་ན། བཙན་ཁྲིད་བྱེད་མཁན་མི་དེ་ཚོས་དམག་ལྭ་གྱོན་ཡོད་པ་དང་རླངས་འཁོར་ལ་བཞག་ནས་ཁྲིད་ཡོད་འདུག། རླུང་འཕྲིན་ཁང་གིས་ས་གནས་ལ་ཁ་པར་གཏོང་སྐབས། བྱིས་པ་དེ་དག་ནི་ས་གནས་ཀྱི་བོད་མི་ཁྱིམ་ཚང་འབྱོར་ལྡན་ཁག་གི་བྱིས་བ་ཡིན་པ་དང་། དེ་ནི་དཔལ་འབྱོར་སྒོར་མོ་སློང་བྱེད་ནག་ཚོགས་དེ་འདྲ་དང་འབྲེལ་བ་མེད་དམ་སྙམ་པའི་ཚོད་དཔག་བྱེད་མཁན་ཡོད་པ་རེད།
དེ་ལྟར་བཙན་ཁྲིད་བྱས་པའི་ཁོངས་སུ་དམེ་གླིང་གི་བྱིས་པ་རིན་ཆེན་རྡོ་རྗེ་ལོ་༡༤དང་། དཔལ་མགོན་རྒྱལ། རིག་འཛིན་རྡོ་རྗེ་ལོ་༡༡་བཅས་མི་གྲངས་ལྔ་ཡོད་པ་རེད་འདུག།
ད་ལྟ་ས་གནས་ཉེན་རྟོག་པས་ཀྱང་གང་ཐུབ་ཀྱིས་འཚོལ་ཞིབ་བྱེད་བཞིན་པའི་ཁྲོད་སྔ་ཕྱིར་ཉེས་ཅན་པ་བཅུ་ལྷག་འཛིན་བཟུང་བྱས་ཡོད་ཀྱང་བྱིས་བ་བཙན་ཁྲིད་བྱེད་མཁན་འབྲེལ་བ་ཡོད་མེད་གསལ་བོ་མེད་པ་རེད།