བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱི་མི་འབོར་སྡོམ་རྩིས།
ལྷ་ས་གྲོང་ཁྱེར་ནང་གཏན་སྡོད་བྱས་པའི་མི་གྲངས་༧༠༠༠༠ཙམ་ལོ་ན་༦༠རྒལ་བར་སླེབས་རྒྱུ་ངེས་པའི་སྐོར་གསལ་འདོན་བྱས་བཞག
-
2011-06-09 -
-
-
༄༅༎རེས་གཟའ་ཕུར་བུའི་ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གྲོང་ཁྱེར་གྱི་མི་འབོར་སྡོམ་རྩིས་ཀྱི་ཞིབ་འཇུག་སྙན་ཐོ་འགྲེམས་སྤེལ་བྱས་འདུག་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་ལས་བྱེད་པ་ཐར་ཕྱིན་ཞུ་བས་བརྗོད་ན། ༢༠༡༡ལོ་མཇུག་ཏུ་ད་ལྟ་ལྷ་ས་གྲོང་ཁྱེར་ནང་གཏན་སྡོད་བྱས་པའི་མི་འབོར་༥༦༠༠༠ཡོད་པའི་ཁོངས་ནས། མི་གྲངས་༧༠༠༠༠ ཙམ་ལོ་ན་༦༠རྒལ་བར་ སླེབས་རྒྱུ་ངེས་པའི་སྐོར་གསལ་འདོན་བྱས་བཞག མི་འབོར་ཞིབ་བཤེར་གྱི་སྡོམ་རྩིས་དེ་བཞིན། ཉེ་སྔོན་ཕྱི་ཟླ་༤པའི་ནང་འདུ་སྐོང་བྱས་འདུག་པ་དང་། ལོ་ན་རྒས་པའི་མི་མང་གི་གྲངས་འབོར་གསལ་རྟོགས་སླད་མི་འབོར་གྲངས་བཤེར་གྱི་སྙན་ཞུ་དེ་བཞིན། ལྷ་ས་གྲོང་ཁྱེར་དང་དེའི་ཁྱབ་ཁོངས་སུ་ཡོད་པའི་རྗོང་ཁག་བདུན་ནས་འདུ་སྐོང་བྱས་ཡོད་པ་རེད།
གོང་གསལ་ལྷ་ས་སྤྱི་བདེ་ལས་ཁུངས་ཀྱི་ལས་བྱེད་ཐར་ཕྱིན་ལགས་ཀྱིས་གསུངས་པར། སྔ་ལོའི་གྲངས་འབོར་ནང་། ལྷ་སའི་ནང་ལོ་ན་༦༠བརྒལ་བའི་མི་མང་གི་གྲངས་འབོར་བརྒྱ་ཆ་བརྒྱད་ཙམ་ཡིན་རུང་། ད་ཆ་བརྒྱ་ཆ་བཅུ་བར་སླེབས་ཡོད་པ་དང་། ལོ་ན་རྒས་པའི་མི་མང་གི་བདེ་སྡུག་ལ་ལྟ་སྐྱོང་ཆེད་དབུས་གཞུང་ནས། རིན་མེད་འཕྲོད་བསྟེན་གྱི་མཐུན་རྐྱེན་སྐྲུན་རྒྱུར་དངུལ་རྩིས་ཁ་གནོན་དང་། དེ་བཞིན་ནང་མི་བུ་ཕྲུག་མེད་པའི་རྒན་ཡོལ་ཚོར། རྒན་གསོ་ཁང་གསར་རྒྱག་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག གནས་ཚུལ་ནང་འཁོད་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ནང་རྒན་གསོ་ཁང་༤༤ཙམ་ཡོད་འདུག་པ་དང་ རྒན་གསོ་ཁང་རེའི་ནང་། རྒས་ཡོལ་མི་གྲངས་༩༢༠ཙམ་གྱི་ཤོང་ཚད་ཡོད་པ་རེད༎