༧གོང་ས་མཆོག་བོད་དུ་ཕྱིར་ལོག་ཕེབས་རྒྱུའི་རེ་བ།
གསར་དུ་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་༧གོང་ས་མཆོག་བོད་ལ་ཕྱིར་ལོག་ཕེབས་ཐུབ་རྒྱུའི་རེ་བ་ཡོད་པ།
-
2011-04-28 -
-
-
༄༅༎བཙན་བྱོལ་བོད་མིས་འོས་འདེམས་བྱས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་༧གོང་ས་མཆོག་བོད་ལ་ཕྱིར་ལོག་ཕེབས་ཐུབ་རྒྱུའི་རེ་བ་ཡོད་ལུགས་གསུང་འདུག
དེ་ཡང་ཨེ་ཕི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་ གསར་དུ་འོས་འདེམས་བྱུང་བའི་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་ གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་སྐབས་ མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་ཞིག་གི་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་འོག བོད་དེ་རྒྱ་ནག་གི་མངའ་ཁོངས་འོག དོན་དང་ལྡན་པའི་རང་སྲིད་ཀྱི་ཐོབ་ཐང་སྐྲུན་རྒྱུར་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་ནན་བརྗོད་གནང་ཡོད་པ་དང་ ཁོང་གིས་ད་ལྟ་ཁོང་གིས་གནང་དགོས་པའི་གལ་ཆེའི་ལས་འགན་ཆེ་ཤོས་ཤིག་ནི་བོད་མི་མང་གི་རང་དབང་སླར་གསོ་ཡོང་ཐབས་ཀྱིས་བོད་མི་ཚོའི་གནས་བབ་དང་ལ་རྒྱར་ངོས་འཛིན་དང་བརྩི་སྲུང་ཞུ་རྒྱུ་དེ་ཡིན་པ་གསུང་འདུག ཡང་ཁོང་གིས་བོད་དེ་བཙན་འཛུལ་འོག་གནས་བཞིན་པ་དང་བོད་ནང་ཆབ་སྲིད་ཀྱི་གནོན་ཤུགས་དང་ མི་རིགས་སིམ་འཛུལ་ དེ་བཞིན་དཔལ་འབྱོར་གྱི་ཧེ་བག དང་ ཁོར་ཡུག་གཏོར་བཤིག་སོགས་གནད་དོན་མང་པོ་ཞིག་ཡོད་མུས་ཡིན་ཞིང་ གལ་སྲིད་རྒྱ་ནག་གཞུང་གིས་རྒྱ་ནག་དེ་བཞིན་འཛམ་གླིང་ནང་གི་སྟོབས་ཆེན་ཡུལ་རྒྱུའི་གྲས་སུ་ཞུགས་དགོས་ཚེ་ དཔལ་འབྱོར་དང་དྲག་གནོན་གྱི་ལམ་བུའི་ཐོག་ནས་ཡོང་ཐབས་མེད་པ་གསལ་སྟོན་གནང་ཡོད་འདུག་ལ་ ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་རྒྱུའི་འབོད་སྐུལ་གནང་ནས་བཙན་བྱོལ་བོད་གཞུང་གིས་ག་དུས་ཡིན་ནའི་རྒྱ་ནག་དང་གྲོས་མོལ་བྱ་རྒྱུའི་སྒོ་མོ་ཕྱེ་བཞིན་ཡིན་པ་འགྲེལ་བརྗོད་གནང་འདུག