རྒྱ་གར་རྒྱལ་ས་ལྡི་ལིའི་དོན་གཅོད་ཀྱི་ཐུགས་འགན་བློ་བཟང་ཤཱསྟྲཱི་ལགས་ནས་བཞེས་པ།

ཁོང་གིས་བོད་ཕྱི་ནང་གི་བོད་མི་ཚང་མས་༸གོང་ས་མཆོག་གི་བཀའ་བཞིན་སྒྲུབ་དགོས་པའི་འབོད་སྐུལ་གནང་བ།

ལྡི་ལི་དོན་གཅོད་བློ་བཟང་ཤྭསྟི་རི་ལགས་ཀྱི་པར་རིས། བོད་མིའི་སྒྲིག་འཛུགས།

ཕྱི་ལོ་ ༢༠༢༢ ཟླ་བ་ ༩ པའི་ཚེས་ ༢༢ ཉིན་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་༡༩པའི་ནང་གསེས་དང་པོའི་དགོངས་དོན་ལྟར། ཨ་མི་རི་ཀར་གནས་བཞུགས་བློ་བཟང་ཤཱསྟྲཱི་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་སྩལ་ཡོད་པ་ལྟར། ཟླ་བ་འདིའི་ཚེས་ ༡༦ ཉིན་ལྡི་ལི་དོན་གཅོད་ཀྱི་ཐུགས་འགན་ལས་ཁུར་དངོས་སུ་གནང་མགོ་བཙུགས་ཡོད་པ་དང་ཆབས་ཅིག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁོང་ལ་བཅར་འདྲི་ཞུས་སྐབས། ཁོང་གིས་“བོད་ཕྱི་ནང་གི་བོད་མི་ཚང་མས་༸གོང་ས་མཆོག་གི་བཀའ་བཞིན་སྒྲུབ་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་སྲིད་ཇུས་གང་ཡོད་ཀྱི་རྗེས་སུ་འབྲངས་ཏེ་ལག་ལེན་གྱི་ཐོག་ནས། བོད་མི་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སྤྱི་པའི་ལས་དོན་ལ་ནུས་པ་མཉམ་སྤུང་གནང་རོགས་”ཀྱི་འབོད་སྐུལ་གནང་གི་འདུག

གཞན་ཡང་ཁོང་གིས་“བཀའ་ཤག་གིས་ཐུགས་རེ་གནང་ནས་སྐུ་ཚབ་དོན་གཅོད་བྱེད་རོགས་ཀྱིས་ཞེས་བཀའ་གནང་བ་དེ། བསྐལ་བ་བཟང་པོ་རེད་སྙམ་པའི་ཚོར་སྣང་དང་ལས་འགན་ལྗིད་པོ་ཡིན་པའི་བློ་འཚབ་ཡོད་ནའང་། ༸རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་མིར་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་བཟང་པོ་ཡིན་པར་མཐོང་སྟེ་དགའ་ཚོར་ཀྱང་བྱུང་བ་དང་། སྔོན་མེད་གསར་པ་བྱེད་རྒྱུ་སོགས་ད་ལྟ་དམིགས་བསལ་ཅི་ཞུ་རྒྱུ་མེད་པར། ལས་ཀའི་ཉམས་མྱོང་བསག་བཞིན་དུ་ཡར་རྒྱས་སུ་གཏོང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་”ཞེས་འགྲེལ་བརྗོད་གནང་གི་འདུག

བློ་བཟང་ཤཱསྟྲཱི་ལགས་ནི་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཆེན་ནས་མཐར་ཕྱིན་པ་དང་། ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་དུ་མི་ལོ་༢༥རིང་ཕྱག་ལས་གནང་ཡོད་པ་མ་ཟད། ཕྱི་ལོ་༡༩༩༥ལོ་ནས་༢༠༠༥བར་སྐབས་གཉིས་རིང་བོད་མི་མང་སྤྱི་འཐུས་གནང་བ་དང་འབྲེལ། རིམ་པས་ཨ་མི་རི་ཀའི་(Boston)གྲོང་ཁྱེར་ནང་གི་ནང་བསྟན་དཔེ་མཛོད་ལྟེ་གནས་ཁང་དུ་ཕྱག་ལས་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org