༧གོང་ས་མཆོག་མ་ཧཱ་གུ་རུའི་ཚེས་བཅུའི་འབུམ་ཚོགས་སུ་ཆིབས་བསྒྱུར་བསྐྱངས་པ།

༧གོང་ས་མཆོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་མ་ཧཱ་གུ་རུའི་ཚེས་བཅུའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཚོགས་གནང་བ། དགའ་ལྡན་ཕོ་བྲང༌།

༧གོང་ས་མཆོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་མ་ཧཱ་གུ་རུའི་ཚེས་བཅུའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་འདུག
དེ་ཡང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༡༠ དང་ ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༢༤ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཚེས་བཅུ་མ་ཧཱ་གུ་རུའི་འབུམ་ཚོགས་ཤིག་ཚོགས་གནང་ཞིང་།  སྔ་འགྱུར་རྙིང་མའི་ཁྲི་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་རྣམ་པ་ཡང་ཚོགས་ཕེབས་གནང་ཡོད་པ་རེད།
མ་ཧཱ་གུ་རུའི་འབུམ་ཚོགས་འདི་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གོ་སྒྲིག་གནང་ཐོག་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཚོགས་གནང་བ་དང་། དུས་གཅིག་ལ་རྒྱ་གར་སྒང་ཏོག་དང་བལ་ཡུལ་བཅས་སུ་ཡང་བསྐོང་ཚོགས་ཡོད་པ་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭའི་དབུ་འཛིན་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།
གུ་རུའི་འབུམ་ཚོགས་ཀྱི་མཆོད་འབུལ་འདི་བཞིན་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་གནང་འདུག་ཅིང་།  ཆོ་ག་འདི་ནི་༧གོང་ས་ས་ལྔ་པ་ཆེན་པོའི་སྐུ་དུས་ཀྱི་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་གསོལ་འདེབས་ཞུས་དོན་ལྟར་༧གོང་ས་ལྔ་པ་ཆེན་པོས་ཕྱོགས་བསྒྲིགས་གནང་པ་ཞིག་ཡིན་འདུག
ཐོག་མར་རྒྱལ་མཆོག་ལྔ་པ་ཆེན་པོ་སྐབས་ནས་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དུ་རིག་འཛིན་གདུང་སྒྲུབ་གི་ཚེས་བཅུའི་ཕྱག་ལེན་གསར་འཛུགས་གནང་བ་ནས་བཟུང་དུས་ད་ལྟ་བར་བར་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་ཚེས་བཅུ་འབུམ་ཚོགས་དང་འབྲེལ་བའི་ཕྱག་ལེན་མ་ཆད་པ་རྒྱུན་མཐུད་ནས་གནང་བཞིན་པ་ཞིག་ཡིན་འདུག

གསར་འགོད་པ་སངས་རྒྱས་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org