རྒྱ་གཞུང་གིས་བོད་མི་ཞིག་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་བཅད།
བོད་ཀྱི་ཁམས་དཀར་མཛེས་ཁུལ་བོད་མི་ཞིག་ལ་ལོ་ལྔའི་བཙོན་བཅུག་ཉེས་ཆད་བཀལ་ཡོད་འདུག
-
2009-08-10 -
-
-
༄༅༎བོད་ཀྱི་ཁམས་དཀར་མཛེས་ཁུལ་བོད་མི་ཞིག་ལ་ལོ་ལྔའི་བཙོན་བཅུག་ཉེས་ཆད་བཀལ་ཡོད་འདུག
འདི་ག་རླུང་འཕྲིན་ཁང་གི་ཨ་མདོའི་སྐད་གདངས་སུ་འབྲེལ་ཡོད་ཅིག་ནས་གནས་ཚུལ་ངོ་སྤྲོད་གནང་བ་དང་ཕ་ཡུལ་དྲ་གནས་སུ་ཁ་ས་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན་བོད་ཀྱི་ཁམས་དཀར་མཛེས་ཁུལ་འདི་ཚེས་གསུམ་ཉིན་ལོ་ན་སུམ་ཅུ་སོ་བརྒྱད་ཡིན་པས་བོད་མི་སངས་རྒྱས་བཀྲིས་ལགས་སུ་ས་གནས་ཁྲིམས་ཁང་ནས་ལོ་ལྔའི་བཙོན་བཅུག་ཉེས་ཆད་དང་ཆབ་སྲིད་ཀྱི་ལས་དོན་སྤེལ་མི་ཆོག་པའི་ཁྲིམས་ཆད་ཕོག་ཡོད་འདུག དེ་ཡང་གནས་ཚུལ་ངོ་སྤྲོད་བྱས་པར་ལྟར་ན་གོང་དུ་ཞུས་པའི་སངས་རྒྱས་བཀྲིས་ལགས་ནས་སྔ་ལོ་ཕྱི་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་གོང་རྩེད་འགྲན་གྱི་སྒྲོན་མེ་དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བསྐོར་བསྐྱོད་བྱས་པའི་སྐབས་ཁོང་གིས་སྟོད་གོས་དཀར་པོ་ཞིག་གི་སྟེང་བོད་རང་བཙན་ཡིན་ཞེས་བྲིས་པ་ཞིག་གྱོན་པས་མ་ཟད་ངོ་གདོང་ལ་བོད་ཀྱི་རྒྱལ་དར་བྲིས་ནས་དཀར་མཛེས་ས་ཁུལ་གྱི་ཁྲོམ་གཞུང་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག། བོད་རང་བཙན་ཡིན་ཞེས་འཁོད་པའི་ཡིག་ཆ་མང་པོ་འགྲེམས་སྤེལ་བྱས་པ་བཅས་ལ་བརྟེན་འཛིན་བཟུང་བྱས་པ་ཞིག་ཡིན་འདུག དེ་ནས་ལོ་འདིའི་ཕྱི་ཟླ་བཞི་པའི་ཚེས་ལྔ་ཉིན་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོས་སངས་རྒྱས་བཀྲིས་ལགས་དང་མི་གཞན་བཅོ་ལྔ་ཙམ་དཀར་མཛེས་ཀྱི་ཁྲོམ་གཞུང་ནང་བསྐོར་བསྐྱོད་ཁྲིད་ཡོད་པ་དང་བཙོན་པ་བཅོ་ལྔ་དེ་དག་གི་མགོ་བོའི་སྐྲ་ཞར་ནས་མགོ་རིལ་བཟོས་ཡོད་པ་མ་ཟད་རྐང་ལག་ལ་ལྕགས་ཐག་སྡམ་ནས་རྒྱང་བསྒྲགས་ནང་གལ་སྲིད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་བ་ཡིན་ན་ཁོང་ཚོ་ནང་བཞིན་ཉེས་ཆད་ཕོག་རྒྱུ་ཡིན་ལུགས་བཤད་ནས་སྡིགས་ར་སྐུལ་ཡོད་པ་སོགས་གང་ལྟར་རྒྱ་ནག་གཞུང་ནས་སྔ་ལོའི་དོན་རྐྱེན་འོག་འཛིན་བཟུང་དོ་དམ་བྱས་པ་རྣམས་ལ་ཁྲིམས་བཤེར་བྱེད་རྒྱུའི་ཚབ་ཏུ་ཁྲིམས་མེད་ལུང་མེད་ཀྱི་ཉེས་ཆད་བཀལ་གྱི་ཡོད་པའི་གནས་ཚུལ་ཡང་སེ་ཡོང་གི་ཡོད་པ་རེད༎