བལ་ཡུལ་མའོ་ཚོཌ་པས་སྲིད་འཛིན་འོས་འདེམས་སྐོར་གཏམ་བཤད།

མའོའི་དམར་ཤོག་ཚོགས་པས་སྲིད་འཛིན་འོས་འདེམས་སྐོར་ཆ་རྐྱེན་རྩ་ཁྲིམས་གསར་པའི་ཟིན་བྲིས་ནང་འཁོད་དགོས་ལུགས་གཏམ་བཤད།

༄༅༎བལ་ཡུལ་མའོའི་དམར་ཤོག་ཚོགས་པས་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་སྲིད་འཛིན་གྱིས་སྲིད་གཞུང་འཛིན་པའི་ལམ་ལུགས་གསར་གཏོད་བྱ་རྒྱུའི་ཆ་རྐྱེན་རྩ་ཁྲིམས་གསར་པའི་ཟིན་བྲིས་ནང་འཁོད་དགོས་ལུགས་གཏམ་བཤད་གནང་འདུག

བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་ཚོགས་འདུའི་ནང་སྲིད་འཛིན་ལམ་ལུགས་གསར་གཏོད་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་བལ་ཡུལ་གྱི་གཞུང་འཛིན་ལམ་ལུགས་ཇི་འདྲ་འགབ་མིན་ཞིབ་འཇུག་ཚོགས་ཆུང་བཙུགས་ཡོད་ཀྱང་ད་ཆ་མའོའི་དམར་ཤོག་ཚོགས་པས་ཟླ་བ་གཅིག་ཙམ་ནང་གཞུང་འཛིན་ལམ་ལུགས་ཐད་བཞེངས་ཕྱོགས་ཐེངས་གསུམ་ཙམ་འགྱུར་བ་བཏང་ཟིན་པར་བརྟེན་ཐག་གཅོད་དཀའ་བའི་རང་བཞིན་དུ་འགྱུར་ཡོད་པ་རེད། ལྷག་པར་དུ་བལ་ཡུལ་གྱི་སྤྱི་མཐུན་སྲིད་གཞུང་ལམ་ལུགས་ཐད་མི་རིགས་གཞི་རྩར་བཞག་ནས་མངའ་སྡེ་བཟོ་གལ་ཆེ་བའི་སྐོར་ཕྱོགས་འགལ་མའོའི་དམར་ཤོག་ཚོགས་པ་དང་དེ་མིན་གྱི་མ་རྡེ་ཤི་སྲིད་དོན་ཚོགས་པ་ཁག་གིས་དགོས་འདུན་བཏོན་ཡོད་ཀྱང་དེ་ནི་བལ་ཡུལ་རྒྱལ་ཁབ་གཏོར་བཤིག་གཏོང་རྒྱུའི་ས་བོན་བཏབ་པ་དང་འདྲ་མཚུངས་ཡིན་པར་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་གིརི་ཇ་པར་སརྡེ་ཀོའེ་རེ་ལ་ཡིས་གསུངས་གནང་འདུག བལ་ཡུལ་དེ་བཞིན་བྱང་པ་དང་ལྷོ་པ་ཞེས་ཆ་བགོས་དང་དེ་ནས་མི་རིགས་དབྱེ་འབྱེད་མེད་པར་མངའ་སྡེ་བཟོ་དགོས་པ་ལས་མི་རིགས་གཞི་རྩར་བཞག་པའམ་ཡང་ན་སྐད་ཡིག་གཞི་རྩར་བཞག་པའི་ཐོག་ནས་མངའ་སྡེ་ཆ་བགོས་བྱས་ན་འབྱུང་འགྱུར་ཕན་ལས་གནོད་ཆེ་བ་དང་བལ་ཡུལ་རྒྱལ་ཁབ་གཏོར་བཤིག་འགྲོ་ཉེན་ཡོད་ལུགས་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཇི་རི་ཇ་པར་སརྡེ་ཀོའེ་རེ་ལ་ཡིས་གསུངས་གནང་འདུག ལྷག་པར་དུ་མངའ་སྡེ་སོ་སོ་ས་གནས་སྲིད་གཞུང་གི་འཛིན་སྐྱོང་བྱ་རྒྱུའི་དབང་ཆ་ཡོད་པའི་སྤྱི་མཐུན་སྲིད་གཞུང་ཚད་ལྡན་གྱི་ལམ་སྲོལ་གཏོད་དགོས་པའི་སྐོར་ཁོང་གིས་མུ་མཐུད་མང་གཙོའི་དུས་དྲན་མཛད་སྒོར་གསུངས་བཤད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org