རྒྱ་གར་ནས་བོད་བར་གོམ་བགྲོད་ལས་འགུལ་མུ་མཐུད་བཞིན་སྐོར།
རྒྱ་གར་ནང་བོད་མི་ཚོས་རྒྱ་གར་ནས་བོད་བར་གོམ་བགྲོད་ཀྱི་ལས་འགུལ་མུ་མཐུད་ཤར་བསྐྱོད་བྱ་རྒྱུའི་དམ་བྱ་བརྟན་པོ་ཡོད་པའི་གནས་ཚུལ་ཐོན་འདུག
-
2008-05-29 -
-
-
༄༅༎རྒྱ་གར་གཞུང་གི་བཀག་འགོག་བྱ་མིན་ལ་མ་ལྟོད་པར་རྒྱ་གར་ནང་བོད་མི་ཚོས་རྒྱ་གར་ནས་བོད་བར་གོམ་བགྲོད་ཀྱི་ལས་འགུལ་མུ་མཐུད་ཤར་བསྐྱོད་བྱ་རྒྱུའི་དམ་བྱ་བརྟན་པོ་ཡོད་པའི་གནས་ཚུལ་ཐོན་འདུག་༎
རྒྱ་གར་ནས་བོད་བར་གོམ་བགྲོད་ཀྱི་ལས་འགུལ་འདི་བཞིན་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཚོགས་པ་ལྔའི་གོ་སྒྲིག་འོག་ དེ་སྔོན་ཕྱི་ཟླ་༣པའི་ཚེས་༡༠ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཐོག་པར་འགོ་འཛུགས་གནང་སྟེ་ ད་ལྟ་གོམ་བགྲོད་ནང་མཉམ་བཞུགས་གནང་པའི་བོད་མི་༣༠༠ལྷག་ཙམ་ཡོད་པ་རྣམས་ རྒྱ་གར་གྱི་ནུབ་ཕྱོགས་ཨུ་ཊེ་རན་ཅཱལ་མངའ་སྡེའི་ཨཱལ་མོ་རྭ་རྫོང་ཁོངས་ནང་འབྱོར་ཡདོ་པ་རེད་
ཨཱལ་མོ་རྭ་ས་གནས་དེ་བཞིན་རྒྱ་བོད་ས་མཚམས་དང་ཉེ་བའི་གྲོང་ཁྱེར་ཞིག་ཡིན་པ་མ་ཟད་ ས་ཁུལ་དེ་ནས་བོད་ཀྱི་ས་ཐོག་བར་འགྱངས་ཚད་ཀི་ལོ་མི་ཊར་བརྒྱ་སྐོར་ཙམ་མ་གཏོགས་མེད་པ་རེད་ ཡིན་ཡང་ བོད་མི་གོམ་བགྲོད་པ་རྣམས་བོད་ཀྱི་ས་མཚམས་སུ་འབྱོར་ཉེ་ལ་འཁེལ་བའི་སྐབས་འདིར་ཉེ་ལམ་རྒྱ་གར་གཞུང་གིས་བཀོད་ཁྱབས་འོག་
ས་གནས་ཉེན་རྟོག་མི་སྣས་བོད་མི་ཚོས་བོད་བར་གོམ་བགྲོད་བཀག་སྡོམ་གྱི་དམ་བསྒྲགས་ཆེ་རུ་བཏང་བཞིན་ཡོད་པ་རེད་ གོམ་བགྲོད་སྣེ་འཕྲིད་ཞུ་མཁན་བོད་མིའི་ཚོགས་པ་ལྔའི་འགོ་འཁྲིད་རྣམས་ས་གནས་ཉེན་རྟོག་པས་འཛིན་བཟུང་དང་དོ་དམ་བཀག་ཉར་འོག་བཞག་སྟེ་ དུས་ཡུན་བདུན་ཕྲག་ཅིག་འགྲོ་ཡི་ཡོད་པ་དང་ ཆབས་ཅིག་གོམ་བགྲོད་ཀྱི་གཞུང་ལམ་ཁྲོད་ཉེན་རྟོག་མི་སྣ་༡༠༠༠ལྷག་ཙམ་འགྲེམས་འཇོག་བྱས་པ་དང་ ཉེན་རྟོག་མི་སྣའི་ལྟ་སྲུངས་དམ་པོའི་འོག་ བོད་མི་གོམ་བགྲོད་པ་རྣམས་ཚ་སྒུག་བྱ་ཡུལ་ས་གནས་སུ་རང་སར་གནས་སྟེ་ གོམ་བགྲོད་ཤར་བསྐྱོད་མ་ཐུབ་པར་ལུས་ཡོད་པ་རེད་ ས་གནས་རྒྱ་གར་ཉེན་རྟོག་པས་ གོམ་བགྲོད་གོ་སྒྲིགས་ཞུ་མཁན་བོད་མིའི་ཚོགས་པ་ཁག་གི་འགོ་འཁྲིད་འཛིན་བཟུང་བྱས་པ་ཙམ་མ་ཟད་ གོམ་བགྲོད་པ་རྣམས་ཀྱི་བཟའ་བཅའ་དང་ཡོ་ཆས་བོར་འདྲེན་གྱི་རླངས་འཁོར་བཞི་ཡོད་པ་ནས་ རླངས་འཁོར་གསུམ་ཉེ་ལམ་གཞུང་བཞེས་བཏང་པའི་ཁར་དེ་རིང་རླངས་འཁོར་བཞི་པ་དེ་ཡང་གཞུང་བཞེས་བཏང་སྟེ་ ད་ཆ་གོམ་བགྲོད་པ་རྣམས་ལ་བཟའ་བཅའི་དཀའ་ངལ་ཆེན་པོ་བཟོས་ཡོད་པ་རེད་