ཨ་རིའི་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་སྣོ་ངར་ཆེན་ཏུ་འགྲོ་རྒྱུ།

གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་དམངས་གཙོ་ཚོགས་པའི་འོས་དམིགས་རྣམ་གཉིས་ཀྱི་འགྲན་རྩོད་རྣོ་ངར་ཆེན་ཏུ་འགྲོ་རྒྱུ་ཡིན་འདུག

༄༅༎ལོ་གཅིག་དང་ཕྱེད་ཀའི་རིང་སྲིད་འཛིན་གྱི་འོས་བསྡུའི་ལས་འགུལ་སྔར་དང་མི་འདྲ་བའི་འགྲན་རྩོད་ཀྱི་རྗེས་སུ་ད་ཆ་གཞུང་འཛིན་ཚོགས་པའི་འོས་དམིགས་ ཇོན་མེ་ཀེན་ དང་ཕྱོགས་འགལ་དམངས་གཙོ་ཚོགས་པའི་འོས་དམིགས་ སྦ་རག་ཨོ་སྦ་མ་ རྣམ་གཉིས་ཀྱིས་བདུན་ཕྲག་འདི་ནས་བཟུང་འགྲན་རྩོད་ཀྱི་རྣོ་ངར་ཆེ་རུ་འགྲོ་རྒྱུ་ཡིན་འདུག དངོས་གཞིའི་འོས་བསྡུ་རན་པ་ཟླ་བ་གཉིས་དང་ཕྱེད་ཀ་ལས་མེད་སྐབས་ད་ནས་བཟུང་ཕྱོགས་གཉིས་ཀས་སྲིད་འཛིན་གཞོན་པའི་འོས་དམིགས་འདེམས་སྒྲུག་གནང་རྒྱུ་སོགས་གལ་ཆེའི་ལས་དོན་ཐོག་ཤུགས་གནོན་གྱིས་རྒྱལ་ཁ་ཐོབ་པར་ཐབས་ཤེས་ཡོད་རྒུ་རྩལ་དྲུག་གནང་རྒྱུ་ཡིན་པར་ཐེ་ཚོམ་མེད་པ་རེད་ འོས་དམིགས་གཉིས་ཀྱིས་ཚོགས་པ་སོ་སོའི་རྒྱལ་ཡོངས་ཚོགས་ཆེན་ཐོག་སྲིད་འཛིན་གྱི་འོས་དམིགས་གཞུང་འབྲེལ་ངོས་བཞེས་གནང་རྒྱུའི་དུས་ཚོད་ཀྱང་གཏན་འབེབས་ཟིན་པ་རེད་ གཞུང་འཛིན་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཀོ་ལི་རེ་ཌོའི་གྲོང་ཁྱེར་ཌེན་ལྦར་ནང་ཕྱི་ཟླ་བརྒྱད་པའི་ཚེས་༡༥ནས་༢༨དང་ དམངས་གཙོ་ཚོགས་པའི་ཚོགས་ཆེན་ མི་ནི་སོ་ཊའི་རྒྱལ་ས་ སེནཏེ་པོལ་ ནང་ཕྱི་ཟླ་དགུ་པའི་ཚེས་༡ནས་༤གནང་གཏན་འཁེལ་ཡོད་པ་རེད་ སྲིད་འཛིན་གྱི་འོས་དམིགས་གཉིས་ཀས་ཚོགས་ཆེན་གྱི་གོང་ངམ་ ཡང་ན་ཚོགས་ཆེན་ཐོག་སྲིད་འཛིན་གཞོན་པའི་འོས་དམིགས་གསལ་བསྒྲགས་གནང་དགོས་པ་རེད་ ད་ལྟའི་སྐབས་སུ་ཕྱོགས་གཉིས་ཀས་སྲིད་འཛིན་གཞོན་པའི་འོས་དམིགས་སུ་ཡིན་གསལ་བསྒྲགས་སུས་སྔོན་ལ་གནང་ཡོང་བསམ་ནས་ངང་སྒུག་གནང་གི་ཡོད་པའི་རྣམ་པ་ཡང་ཡོད་པ་རེད་ ལྷག་དོན་དུ་རྒྱལ་ཁ་ཐོབ་པར་རེ་བ་ཆེ་བ་ཡོད་མཁན་ སྦ་རག་ཨོ་སྦ་མ་ ཡིས་སྲིད་འཛིན་གཞོན་པའི་འོས་དམིགས་ཕོ་མོ་སུ་འདྲ་ཞིག་འདེམས་རྩིས་ཡོད་མེད་དམིགས་བསལ་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད་རེད་ མང་ཚོགས་ཀྱི་བསམ་ཚུལ་ནང་དེ་རིང་འོས་བསྡུ་བྱས་པ་ཡིན་ན་ སྦ་རག་ཨོ་སྦ་མར་རྒྱལ་ཁ་ཐོབ་རྒྱུ་ཚོད་དཔགས་བྱེད་བཞིན་པ་རེད།

 

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org