༸གོང་ས་མཆོག་མི་ནི་སོ་ཊར་ཆིབས་བསྒྱུར་བསྐྱང་གནང་རྒྱུ།

ད་རེས་གཟའ་མཇུག་༧གོང་ས་མཆོག་ཨ་རིའི་ནུབ་དབུས་མི་ནི་སོ་ཊའི་མངའ་སྡེའི་ནང་མཛད་འཆར་ཁག་ཅིག་བསྐྱང་གནང་རྒྱུ་ཡིན་པ་རེད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་མཆོག་གིས། ཨ་རིའི་ནུབ་ཕྱོགས་ཀེལི་ཕོ་ནིཡའི་མངའ་སྡེའི་གྲོང་ཁྱེར་ཆེ་ཁག་ཁག་ཅིག་གི་ནང་མཛད་འཕྲིན་གྱི་རྗེས། ད་རེས་གཟའ་མཇུག་༧གོང་ས་མཆོག་ཨ་རིའི་ནུབ་དབུས་མི་ནི་སོ་ཊའི་མངའ་སྡེའི་ནང་མཛད་འཆར་ཁག་ཅིག་བསྐྱང་གནང་རྒྱུ་ཡིན་པ་རེད།

མི་ནི་སོ་ཊ་མངའ་སྡེའི་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། སྤྱི་ནོར་༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་མང་ཚོགས་ནས་ངང་སྒུག་ཤུགས་ཆེ་གནང་བཞིན་ཡོད་པ་དང་། ༧སྤྱི་ནོར་༧གོང་ས་མཆོག་ནས། ཕྱི་ཚེས་༨་ཀྱི་སྔ་དྲོ་ མི་ནི་སོ་ཊའི་གཙུག་ལག་སློབ་གཉེར་ཁང་ནང་སངས་རྒྱས་སྨན་ལྷའི་བཀའ་དབང་དང་། ཉིན་རྒྱབ་མང་ཚོགས་ལ་ཞི་བདེ་དང་ཡིད་ཀྱི་བདེ་བ་བསྐྲུན་ཐབས་ཀྱི་སྐོར་བཀའ་སློབ་བསྩལ་གནང་རྒྱུ་དང་། མཛད་འཆར་གོ་སྒྲིག་གནང་མཁན་ མེ་རི་ཞུ་བས། སྤྱི་ནོར་༧གོང་ས་མཆོག་གི་ཕྱི་ཚེས་༨ཀྱི་ཉིན་རྒྱབ་ཀྱི་མཛད་འཆར་མང་ཚོགས་ལ་ཞི་བདེ་དང་ཡིད་ཀྱི་བདེ་བ་བསྐྲུན་ཐབས་སྐོར་གྱི་བཀའ་སློབ་གནང་རྒྱུའི་མཛད་འཆར་གྱི་ཕྱག་འཁྱེར་པ་སི་ཡོངས་རྫོགས་འགྲིམ་ཚར་ཡོད་པ་ངོ་སྤྲོད་གནང་འདུག

སྤྱི་ནོར་༧གོང་ས་མཆོག་གི་མཛད་འཆར་དེ་བཞིན་ མི་ནི་སོ་ཊའི་གཙུག་ལག་སློབ་གཉེར་ཁང་གི་ཆོས་དང་གསོ་བ་རིག་པའི་ལྟེ་གནས་དང་། མི་ནི་སོ་ཊའི་ཨར་བོད་མཐུན་ཚོགས་གཉིས་མཉམ་རུབ་ཀྱི་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། མི་ནི་སོ་ཊའི་གཙུག་ལག་སློབ་གཉེར་ཁང་གིས་ད་རེས་༧གོང་ས་མཆོག་ལ་ཆེས་བསྟོད་ཀྱི་མཁས་དབང་གི་ཕྱག་འཁྱེར་ཞིག་ཀྱང་འབུལ་འཆར་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

མི་ནི་སོ་ཊའི་མངའ་སྡེ་འདི་ནི་ ཨ་རིའི་ནང་ གྲོང་ཁྱེར་ནེའུ་ཡོག་གི་རྗེས་བོད་རིགས་མི་མང་ མང་ཤོས་གནས་སྡོད་བྱ་ཡུལ་གྱི་ས་ཁུལ་དེ་འགྱུར་ཡོད་པ་དང་། ས་ཁུལ་བོད་རིགས་མི་མང་ལ་ ད་རེས་སླར་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དང་རང་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧སྤྱི་ནོར་༧གོང་མཆོག་མཇལ་རྒྱུའི་བསྐལ་བཟང་གི་གོ་སྐབས་ཤིག་ཡོང་གི་ཡོད་པ་དང་། ༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་ ས་གནས་བོད་མིའི་གཙོས་ཕྱི་རྒྱལ་བ་སྟོང་ཕྲག་མང་པོའི་ངང་སྒུག་གནང་བཞིན་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org