གོང་རིམ་ལ་བདེན་དོན་ཞུ་གཏུགས་ཐུབ་ཆེད་གསང་ཡིབ་བྱས་བསྡད་ཡོད།
བོད་མིའི་ས་ཁང་བཙན་འཕྲོག་བྱས་པའི་བྱ་སྤྱོད་ཞུ་གཏུཊ་མཁན་དང་དཔང་རྟགས་ཉར་མཁན་འཇིགས་བྱེད་སྐྱབས་གསང་ཡིབ་བྱས་འདུག
-
2015-04-16 -
-
-
བོད་མིའི་ས་ཁང་བཙན་འཕྲོག་བྱས་པའི་བྱ་སྤྱོད་ཞུ་གཏུཊ་མཁན་དང་དཔང་རྟགས་ཉར་མཁན་འཇིགས་བྱེད་སྐྱབས་གསང་ཡིབ་བྱས་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་༡༣ཉིན་ཟི་ཁྲོན་མཛོད་དགེ་རྫོང་ཐང་སྐོར་ཕྱོགས་སུ་ས་ཁང་གཞུང་བཞེས་བཙན་འཕྲོག་གི་ཞུ་གཏུགས་པ་དང་། དཔང་རྟགས་ཉར་མཁན་འཇིགས་བྱེད་སྐྱབས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཚེས་༡༥ཉིན་ཕྱི་ཕྱོགས་སུ་བརྙན་ཐུང་ཞིག་འབྱོར་བའི་ནང་། འཇིགས་བྱེད་སྐྱབས་ཀྱིས་བརྗོད་དོན། ཚེས༡༣ཉིན་གྱི་ཞོགས་པར་ཐང་སྐོར་ཡུལ་ཚོའི་མངགས་གཏོང་ཁང་གི་འགོ་ཁྲིད་བཀྲ་ཤིས་དང་། ཡུལ་ཚོའི་ལས་བྱེད་པ་ཁག་གཅིག་གིས་ང་རང་བཙན་ཁྲིད་བྱེད་ཐབས་བྱས་བ་དང་། རྗེས་འདེད་བཏང་བར་བརྟེན་ང་རང་གསང་ཡིབ་བྱེད་དགོས་བྱུང་བས་ངའི་ཐད་སེམས་ཁྲལ་བྱེད་མཁན་ས་གནས་བོད་མི་ཚོར་དགོངས་དག་ཞུ། ང་ཚོས་ཁུལ་དང་ཞིང་ཆེན་རིམ་པའི་མཐོ་རིམ་ལ་ཞུ་གཏུགས་ཁ་གསལ་བྱེད་མ་ཐུབ་ཚེ་ང་ཚོའི་བདེ་འཇགས་དང་བདེན་དོན་ལ་སྲུང་སྐྱོབ་ཁག་ཐེག་མེད་པས། ང་རང་གསང་ཡིབ་བྱེད་དོན་ནི་གཙོ་བོ་ཡང་གོང་རིམ་ལ་ང་ཚོའི་བདེན་དོན་ཞུ་གཏུགས་བྱེད་ཐུབ་ན་བསམ་པ་ཡིན་ཞེས་གསལ་བཤད་བྱས་ཡོད་པ་རེད།
ས་གནས་བོད་མི་ཞིག་གིས། ས་གནས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོས་དབང་ཚད་སྒེར་ སྤྱོད་བྱས་ནས་བོད་མི་ཉམས་ཆུང་ལ་དབང་ཡོད་འཇིགས་སྐུལ་བྱེད་པ་དང་། སོ་སོའི་བྱས་ཉེས་ཁག་འགེབས་སྲུང་ཆེད་ཞུ་གཏུགས་ལ་ཡ་ལན་མི་སྤྲོད་པས་ན་མུ་མཐུད་ཁུལ་དང་ཞིང་ཆེན་རིམ་པ་བརྒྱུད་གོང་རིམ་ཞུ་གཏུགས་བྱེད་ཞུ་ཡིན་ཚུལ་བཤད་ཡིན་པ་རེད།
རང་ལོ་༣༩ཙམ་ཡིན་པའི་འཇིགས་བྱེད་སྐྱབས་དེ་སྔོན་ཞུ་གཏུགས་ལས་འགུལ་ཁྲོད་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་མྱོང་ཡོད་པ་དང་། དེ་ནི་༢༠༡༠ལོར་ཟི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་རྐ་རུ་མ་ཕྱོགས་ཀྱི་བོད་མི་འབྲོག་པ་ཁྱིམ་ཚང་༢༠ཙམ་གྱི་ས་ཆ་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་གཞུང་བཞེས་བཙན་འཕྲོག་བྱས་བ་དང་། གནད་དོན་དེ་ས་གནས་བོད་མི་ཚོས་གོང་རིམ་ལ་ཡང་ཡང་ཞུ་གཞུགས་བྱས་ནས་མི་ལོ་གཉིས ཙམ་འགྲོ་བཞིན་ཡོད་ཀྱང་། དོན་འབྲས་གང་ཡང་མ་སོན་པའི་ཐོག་ད་དུང་མུ་མཐུད་ནས་ཞུ་བཏུགས་བྱེད་པ་ཡིན་ན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་དང་འཇིགས་སྐུལ་གཏོང་བཞིན་པ་དང་། ༢༠༡༥ལོའི་ཟླ་༡པོའི་ཚེས་༢༨ཉིན་གྱི་སྔ་དྲོར་ཟི་ཁྲོན་ཞིང་ཆེན་གྱི་མི་མང་འཐུས་མི་ཚོགས་ཆེན་སྐབས་ཚོགས་ཁང་གི་སྒོ་འགྲམ་དུ་བོད་མི་བཅུ་ཕྲག་བརྒལ་བས་ཞུ་གཏུགས་ངོ་རྒོལ་བྱས་སྐབས་བཙན་ཁྲིད་བྱས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།