མདོ་སྨད་ཡུལ་གྱི་ཆོས་སྡེ་ཁག་ཏུ་སྨོན་ལམ་ཆེན་མོ་ཚོཊ་བཞིན་འདུག

མདོ་སྨད་ཡུལ་གྱི་དགོན་སྡེ་ཁག་ཏུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་བཞིན་པ་དང་ས་གནས་ཁག་གཅིག་ལ་དམ་དྲག་བྱས་འདུག

རྒྱ་ནག་ཉེན་རྟོག་པས་བོད་མི་སྨོན་ལམ་ལ་མཇལ་བར་བསྐྱོད་མཁན་ཚོར་དམ་དྲག་སྐབས། ༢༠༡༧།༢།༡༠ བོད་འབྱོར།

མདོ་སྨད་ཡུལ་གྱི་དགོན་སྡེ་ཁག་ཏུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་བཞིན་པ་དང་ས་གནས་ཁག་གཅིག་ལ་དམ་དྲག་བྱས་འདུག
དེ་ཡང་མདོ་སྨད་ཡུལ་གྱི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་། སྐུ་འབུམ་དགོན། རྔ་བ་ཀིརྟི་དགོན། རེབ་གོང་རོང་བོ་དགོན་ཆེན་སོགས་ཀྱི་གཙོས་དགེ་ལུགས་པའི་དགོན་སྡེ་ཁག་ཏུ་འདས་པའི་ཉིན་ཁ་ཤས་རིང་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་བཞིན་པ་དང་། ས་གནས་གང་ས་ནས་མི་མང་ཁྲི་ཕྲག་མང་པོ་དགོན་པ་ཁག་ལ་མཆོད་འཇལ་ཞུ་བར་ཕེབས་འདུག
སྨོན་ལམ་ཆེན་མོའི་སྐབས་རྒྱ་ནག་གི་ཉེན་རྟོག་པ་དང་། འབྲེལ་ཡོད་ཚན་པས་ལྟ་རྟོགས་དང་དོགས་ཟོན་ནན་མོ་བྱས་འདུག་པ་ཟད། ཕྱི་ཚེས་༡༠་ཉིན་མདོ་ལྷོ་ཀླུ་ཆུ་ས་ཁུལ་ནས་ཀི་རྟི་དགོན་པར་ཆོས་མཇལ་ལ་འགྲོ་མཁན་ཚོའི་རླངས་འཁོར་རྒྱ་ནག་གི་ཉེན་རྟོག་པས་ལམ་ཁར་བཀག་འགོག་བྱས་པའི་གནས་ཚུལ་ཀྱང་བྱུང་འདུག
བོད་དབུས་གཙང་ཁུལ་ཏུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཟླ་དུས་ད་དུང་སླེབས་མེད་ནའང་།  མདོ་སྨད་ཁུལ་ཏུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་དགོས་དོན་ནི། མདོ་སྨད་ས་ཁུལ་དང་།  ཁམས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཟླ་བའི་འཆར་ནུབ་ལ་རྩིས་པའི་ལོ་ཐོ་གཞིར་བཞག་གི་ལོ་གསར་རྩིས་སྲོལ་ཡོད་པ་ལྟར། ཉེ་ལམ་མདོ་སྨད་ས་ཁུལ་དང་། ཁམས་ཀྱི་ས་ཁུལ་ཁག་ཅིག་ཏུ་ལོ་གསར་ལ་རོལ་བཞིན་ཡོད་པ་དེར་བོད་པའི་སྤྱི་ཚོགས་ཁྲོད། བོད་ནང་ལོ་གསར་མི་འདྲ་བ་གཉིས་གཏོང་གི་ཡོད་པ་དེར་དགེ་སྐྱོན་འདྲ་མིན་གླེང་བཞིན་ཡོད་པ་རེད།
དབུས་གཙང་ཕྱོགས་སུ་དུས་འཁོར་ཀྱི་རྩིས་ལུགས་ལྟར། སྤྱི་ཟླ་གཉིས་པའི་ཚེས་༢༧་ཉིན། བོད་ཀྱི་ལོ་སར་ཉིན་མོ་འཁེལ་གྱི་ཡོད་པ་རེད།
ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཡང་དུས་འཁོར་ཀྱི་རྩིས་ལུགས་ལྟར་བོད་ཟླ་དང་པོའི་ཚེས་༨་ནས ༡༥་བར་ཚོགས་རྒྱུ་ཡིན་པ་དེ། ད་ལོ་སྤྱི་ཟླ་༣་ཚེས་༥་ནས་༡༢་བར་འཁེལ་གྱི་ཡོད་པ་རེད།
ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། རབ་བྱུང་བདུན་པའི་ས་གླང་ཕྱི་ལོ་༡༤༠༩་ལོར་རྗེ་ཙོང་ཁ་ཆེན་པོས་ཆོ་འཕྲུལ་དུས་ཆེན་དང་སྟབས་བསྟུན་ཏེ་བོད་ཟླ་༡་པོའི་ཚེས་༨་ནས་ཚེས་ ༡༥་བར་ལྷ་ལྡན་དུ་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་གྱིས་གཙོས་པའི་དགེ་འདུན་པ་ཁྲི་གཉིས་ནས་གསུམ་བར་འཛོམས་གནང་སྟེ་སྨོན་ལམ་ཆེན་མོ་སྲོལ་གཏོད་མཛད་ཡོད་པ་རེད།

གསར་འགོད་པ་དཔལ་ལྡན་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org