སོག་པོའི་དམངས་གཙོ་ཚོཌ་པས་གཞུང་འཛིན་ལ་རེ་བཅངས།
2012.07.06
སོག་པོའི་ཕྱོགས་འགལ་དམངས་གཙོ་ཚོགས་པར་ཉེ་ལམ་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་ཚོགས་པ་དེས་གཞུང་འཛིན་གནང་ཐུབ་པའི་རེ་བ་ཡོད་པ་རེད། བདུན་སྔོན་མ་དེར་སོག་ཡུལ་ནང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་གནང་བར་ཕྱོགས་འགལ་དམངས་གཙོ་ཚོགས་པར་འོས་བསྡུའི་ནང་རྒྱལ་ཁ་ཐོབ་ཀྱང་གཞུང་འཛིན་གནང་རྒྱུའི་དགོས་ངེས་ཞབས་སྟེགས་གྲངས་ཚད་ལོང་མེད་པ་རེད། སོག་པོའི་སྲིད་འཛིན་ Tsakhia Elbeg dorj མཆོག་གིས་སོག་པོའི་སྲིད་དོན་ཚོགས་པ་རྣམས་གོ་བསྡུར་གནང་ནས་གཞུང་གསར་པ་ཞིག་འཛུགས་གནང་དགོས་པའི་འབོད་བསྐུལ་གནང་ཡོད་ཅིང་། དེ་ཡང་སྲིད་འཛིན་མཆོག་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་རྒྱལ་ཡོངས་འོས་བསྡུ་དེ་ཁྲིམས་མཐུན་ཞིག་བྱུང་ཡོད་པ་རེད་ཅེས་དང་། སྲིད་དོན་ཚོགས་པ་ཁག་གིས་མི་མང་ལ་ཁས་ལེན་གནང་བ་བཞིན་ Great Hural གྲོས་ཚོགས་ནས་གཞུང་གསར་པ་ཞིག་འཕྲལ་དུ་འཛུགས་གནང་དགོས་ཞེས་གསུང་འདུག
བདུན་སྔོན་མའི་སོག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་དམངས་གཙོ་ཚོགས་པར་གྲོས་ཚོགས་ནང་ཞབས་སྟེགས་གྲངས་ ༣༡ དང་གཞུང་འཛིན་སོག་པོའི་མི་མང་གི་ཚོགས་པ་ཞེས་པར་ཞབས་སྟེགས་གྲངས་ ༢༥ དང་དྲང་བདེན་མཐུན་ཚོགས་ཞེས་པར་ཞབས་སྟེགས་གྲངས་ ༡༡ དང་གཞན་ཞབས་སྟེགས་གྲངས་ ༥ རང་དབང་ལྡན་པའི་འོས་མི་དང་ཚོགས་པ་ཆུང་ཁག་ལ་ཐོབ་ཡོད་པ་རེད། གཞན་ཡང་ཞབས་སྟེགས་ཁག་ཅིག་ད་ལྟ་རྩོད་གཞི་ཡོད་སྟབས་གཏན་འཁེལ་ཐུབ་པ་བྱུང་མེད་པ་རེད། སོག་པོའི་གྲོས་ཚོགས་ Great Hural ཞེས་པར་ཞབས་སྟེག་གྲངས་ ༧༦ ཡོད་ཅིང་། གཞུང་འཛིན་གནང་རྒྱུར་སྲིད་དོན་ཚོགས་པ་སུ་རུང་ལ་ཞབས་སྟེགས་ ༣༩ ཐོབ་དགོས་ཡོད་པ་རེད། ད་ཐེངས་ཀྱི་སོག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་དེ་ཡུལ་ནང་ཉེ་ལམ་གསར་རྙེད་བྱུང་བའི་གཏེར་ཁ་ཧ་ཅང་གི་འབོར་ཆེན་དེ་དག་བསྔོག་འདོན་དང་དེའི་ཡོང་འབབ་བགོས་འགྲེམས་ཀྱི་གནད་དོན་དེ་གཙོ་བོ་ཆགས་ཡོད་པའི་གནས་ཚུལ་ཐོན་བཞག