ཕྱི་སོག་ནང་་མ་རྩ་འཛུཌ་འཇོག་ལ་དགའ་བསུ།
ཕྱི་སོག་ནང་གཏེར་ཁ་བསྔོག་འདོན་དང་ས་ཁང་ཉོ་ཚོང་གི་ཁྲོམ་རའི་ནང་མ་རྩ་གང་མང་འཛུགས་རྒྱུར་ཕྱི་སོག་གི་སྲིད་བློན་ནས་དགའ་བསུ་ཡོད་པ།
-
2011-06-16 -
-
-
༄༅༎ཕྱི་སོག་ནང་གཏེར་ཁ་བསྔོག་འདོན་དང་ས་ཁང་ཉོ་ཚོང་གི་ཁྲོམ་རའི་ནང་ཕྱིའི་ཡུལ་ཁག་ནས་མ་རྩ་གང་མང་འཛུགས་རྒྱུར་ཕྱི་སོག་གི་སྲིད་བློན་སུ་ཀ་སྦ་ཏའར་སྦཏ་སྦོལད་(Sukhabaatar Batbold)མཆོག་ནས་དགའ་བསུ་ཞུ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་འདུག་༎
ཕྱི་སོག་གི་སྲིད་བློན་མཆོག་དེང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཉིན་གྲངས་གསུམ་རིང་གཞུང་དོན་འཚམས་གཟིགས་སུ་ཕེབས་ཡོད་པ་རེད་ ཕྱི་སོག་དེ་བཞིན་འཛམ་གླིང་ནང་རྡོ་སོལ་དང་ཟངས་ ལྕགས་ལ་སོགས་པའི་རང་བྱུང་གི་གཏེར་ཁའི་བང་མཛོད་གཞི་རྒྱ་ཆེ་ཤོས་གྲས་སུ་ཡོད་ལ་ ཉེ་བའི་དུས་ཕྱི་ཕྱོགས་ཀྱི་གཏེར་འདོན་ཚོང་ལས་ཁང་ཚོས་ཕྱི་སོག་གི་གཏེར་ཁ་བསྔོག་འདོན་གྱི་ལས་གཞིའི་ནང་མ་རྩ་འཛུཌ་རྒྱུའི་འགྲན་རྩོད་ཆེན་པོ་བྱེད་བཞིན་ཡོད་པ་རེད་ རེས་གཟའ་ཕུར་བུའི་ཉིན་ཕྱི་སོག་གི་སྲིད་བློན་སྦཏ་སྦོལད་མཆོག་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་པའི་སར་ཕྱི་སོག་གི་དཔལ་འབྱོར་ཡར་རྒྱས་དང་མང་ཚོགས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཕྱིར་ ཕྱི་ཕྱོགས་ཀྱི་ཚོང་དོན་ཁེ་ལས་ཁང་ཚོར་ ཕྱི་སོག་ནང་གཏེར་ཁ་བསྔོག་འདོན་གྱི་གོ་སྐབས་མཐུན་སྦྱོར་གནང་རྒྱུ་མ་ཟད་ རྒྱལ་སྤྱིའི་ཚོང་དོན་ཁེ་ལས་ཚོས་ཕྱི་སོག་གི་གཏེར་ཁ་དང་ས་ཁང་ཉོ་ཚོང་གི་ཁྲོམ་རའི་ནང་ཚོང་ལས་སྤེལ་ཆེད་མ་རྩ་སྟབས་བདེ་འཛུགས་ཕྱོགས་ཀྱི་འཁོར་ཡུག་གང་ལེགས་བསྐྲུན་རྒྱུ་ཡིན་སྐོར་གསལ་འདོན་གནང་བཞག་༎