སྨར་ཁམས་ཀྱི་ཁྲིམས་ཁང་ནས་བོད་མིར་ཁྲིམས་བཅད་བཏང་བ།
སྨར་ཁམས་རྫོང་གི་རྒྱ་མིའི་ཁྲིམས་ཁང་ནས་དེ་སྔོན་འཛིན་བཟུང་བྱས་པའི་དགེ་འདུན་པ་རྣམས་ལ་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་’འདུག
-
2008-10-07 -
-
-
༄༅༎བོད་ཀྱི་ཆབ་མདོ་སྨར་ཁམས་རྫོང་གི་རྒྱ་མིའི་ཁྲིམས་ཁང་ནས་དེ་སྔོན་ས་གནས་དེའི་ནང་འབར་རྫས་ཀྱི་དོན་རྐྱེན་ཁག་བརྒྱད་ཐོན་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་པའི་མཁན་པ་ལུང་པ་དགོན་པའི་དགེ་འདུན་པ་དང་དགོན་གསར་སྒང་དགོན་པའི་དགེ་འདུན་པ་རྣམས་ལ་ཉེ་ཆར་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གསུམ་ཉིན་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད།
དེ་ཡང་བོད་ནས་མཚན་གསུང་འདོད་མེད་པའི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་དུ་དགོན་པ་དེ་གཉིས་ཀྱི་འདུན་པར་རྒྱ་ནག་གཞུང་གིས་འབར་རྫས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་པ་མ་ཟད། བཙོན་འཇུག་གི་ལོ་ཚད་ཐག་གཅོད་བྱས་པའི་གནས་ཚུལ་ངོ་སྤྲོད་གནང་བའི་ནང༌། མཁན་པ་ལུང་པ་དགོན་པའི་དགེ་འདུན་པ་བྱམས་གྲུབ་ལགས་ལ་མི་ལོ་བཞིའི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་པ་དང་དེ་ནས་སྐུ་ཞབས་བསྟན་པ་རྒྱ་མཚོ་ལགས་དང་འཇམ་དབྱངས་བློ་གྲོས་ལགས། དཀོན་དབྱངས་ལགས་གསུམ་ལ་དུས་བཀག་ལོ་གསུམ་རེའི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་པ་དང་ཁོང་རྣམས་ཀོང་པོའི་ཁུལ་དུ་བཙན་ཁྲིད་ཀྱི་ཡོད་པའི་སྐོར་གསུང་ཡོད་པ་རེད། ཡང་ཁ་སྔོན་འདི་ག་རླུང་འཕྲིན་ཁང་ནས་རྒྱ་ནག་གཞུང་གིས་བོད་ཀྱི་སྨར་ཁམས་ཁུལ་གྱི་འདོ་ཟེར་དགོན་པའི་དགེ་འདུན་པ་འཛིན་བཟུང་བྱས་པའི་གནས་ཚུལ་རིམ་པ་རྒྱང་བསྲིང་ཞུས་པ་བཞིན་ད་རེས་འཛིན་བཟུང་བྱས་པའི་དགེ་འདུན་པ་རྣམས་ལའང་དུས་བཀག་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་ཡོད་ཅིང༌། དེ་ཡང་འོད་ཟེར་དགོན་པའི་དགེ་འདུན་པ་ཆོས་རྒྱལ་ལགས་སུ་ལོ་དགུ་དང་བསྟན་འཕེལ་ལགས་སུ་ལོ་བརྒྱད། བློ་བཟང་རྒྱ་མཚོ་ལགས་སུ་ལོ་ལྔ། བསྟན་འཛིན་ཚངས་པ་ལགས་སུ་ལོ་བཞི་བཅས་ལོ་དགུ་ནས་བཞིའི་བར་གྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད། རྩ་བའི་ཁ་སྔོན་ཕྱི་ཟླ་གསུམ་འི་ནང་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཆོལ་ཁ་གསུམ་དང་རྒྱ་ནག་གི་ས་ཁུལ་ནང་དུ་རྒྱ་ནག་གཞུང་གིས་ད་བར་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་བའི་སྐབས་བོད་ཀྱི་ཆབ་མདོ་སྨར་ཁམས་རྫོང་ནང་དུའང་རྒྱ་ ནག་གཞུང་ལ་ཞི་བའི་ཐོག་ནས་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་ཡོད་པ་དང་ཡིན་ནའང་ས་གནས་བོད་མི་ཚོས་སྨར་ཁམས་ཁུལ་དུ་འབར་རྫས་ཀྱི་དོན་རྐྱེན་ཁག་བརྒྱད་ཐོན་པ་རྣམས་རྒྱ་ནག་གཞུང་གིས་དགེ་འདུན་པ་རྣམས་དང་ལག་འབྲེལ་ཡོད་པའི་ཉེས་མེད་ནག་ཉེས་བཙུགས་ཏེ་འཛིན་བཟུང་དང་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གང་ལྟར་སྨར་ཁམས་ཁུལ་དུ་དགེ་འདུན་པ་དེ་དག་ལ་ཉེས་འཛུགས་བྱས་པའི་འབར་རྫས་ཀྱི་དོན་རྐྱེན་བརྒྱད་ཀྱི་རྗེས་སུ་སླར་ཡང་དོན་རྐྱེན་གཅིག་ཐོན་ཏེ་ད་བར་ཁྱོན་འབར་རྫས་ཀྱི་དོན་རྐྱེན་ཁག་དགུ་ཐོན་ཡོད་པ་དང་དགེ་འདུན་པ་དེ་རྣམས་ལ་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གསུམ་ཉིན་བཙོན་འཇུག་ཉེས་ཆད་ཀྱི་ཐག་གཅོད་བྱས་ཡོད་ཀྱང་ད་བར་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།