འབར་མས་སྦང་ལ་རྡེཤ་ས་མཚམས་སུ་དམག་མི་འགྲེམས་འཇོག

སྦང་ལ་རྡེཤ་དང་འབར་མའི་ས་མཚམས་སུ་དམག་མི་འཕར་སྣོན་གྱི་དཀའ་རྙོག་གསར་པ་ལངས་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎སྦང་ལ་རྡེཤ་དང་འབར་མའི་ས་མཚམས་སུ་དམག་མི་འཕར་སྣོན་གྱི་དཀའ་རྙོག་གསར་པ་ལངས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་ས་ཌ་ཀ་ནས་རོའུ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན་འབར་མའི་དྲག་པོའི་གཞུང་གིས་བར་ལམ་ནས་ཡུལ་དེ་དང་སྦང་ལ་རྡེཤ་དབར་ཀི་ལོ་མི་ཊར་༣༢༠འི་ས་མཚམས་སུ་དམག་མི་འཕར་མ་འགྲེམས་འཇོག་བྱས་པར་བརྟེན་རེས་གཟའ་ཉི་མའི་ཉིན་སྦར་ལ་རྡེ་ཤའི་ཕྱི་སྲིད་བློན་ཆེན་རྡིཔུ་མོ་ནི་ཡིས་འབར་མའི་དྲག་པོའི་གཞུང་ལ་ས་མཚམས་སུ་དམག་མི་འཕར་སྣོན་བྱེད་མཚམས་འཇོག་དགོས་ལུགས་ཁ་དཔར་བརྒྱུད་སྐུལ་མ་བཏང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

ཡང་ཁོང་གིས་རིང་མིན་ཕྱི་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་ཤྲི་ལང་ཀའི་རྒྱལ་ས་ཀོ་ལོམ་སྦོར་ཨེ་ཤེ་ཡའི་མཉམ་འབྲེལ་གྱི་ཚོགས་འདུའི་སྐབས་འབར་མའི་ཕྱི་སྲིད་བློན་ཆེན་དང་ཟུར་མཇལ་གྱིས་གོང་ཞུས་གནད་དོན་སྐོར་ནང་མོལ་གནང་རྩིས་ཡོད་ལུགས་གསུངས་ཡོད་འདུག བར་ལམ་འབར་མའི་དྲག་པོའི་གཞུང་གིས་སྦང་ལ་རྡེ་ཤའི་ལྷོ་ཤར་གྱི་རི་རྒྱུད་ཀྱི་ས་མཚམས་དུ་དམག་མི་འཕར་མ་འགྲེམས་འཇོག་བྱས་པར་བརྟེན་སྦང་ལ་རྡེཤ་ནས་ཀྱང་ས་མཚམས་དེར་དམག་མིའི་རྒྱ་ཤོག་གསུམ་ཁ་སྣོན་བྱས་ཡོད་འདུག ད་བར་ཡུལ་གཉིས་ཀྱི་ས་མཚམས་སུ་དམག་འཁྲུག་རང་བྱུང་མེད་ཀྱང་འཁྲུག་རྩོད་ཆུང་ངུའི་རིགས་ཡང་ཡང་ཡོང་གི་ཡོད་པ་རེད། འོན་ཀྱང་ད་ཆ་འབར་མའི་གཞུང་གིས་ས་མཚམས་སུ་རྭ་སྐོར་གསར་བཟོ་བྱེད་བཞིན་པ་དེ་རྣམ་རྟོག་གི་རང་བཞིན་ཆགས་ཡོད་འདུག ནུབ་ཕྱོགས་འབར་མའི་ཁ་ཆེའི་མི་རིགས་རོ་ཧིན་རྒྱ་ཞེས་པའི་ཉི་ཁྲི་ཙམ་སྦང་ལ་རྡེ་ཤའི་སྡོད་སྒར་ཁག་གཉིས་ནང་ཡོད་པ་དང་དེ་ལས་མང་བ་ད་ཆ་ས་གནས་ཀྱི་ཡུལ་མི་འདྲེས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org